ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་ཚེ་བཙོན་གྱི་ཉེས་ཆད་གཅོད་རྒྱུའི་ཉེན་ཁ་ཡོད་འདུག

རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བ་དེ་ཧོང་ཀོང་ནང་ལག་བསྟར་བྱས་པ་ནས་ཧོང་ཀོང་ནང་ཡོད་པའི་དམངས་གཙོ་དོན་གཉེར་བ་མང་པོ་ཞིག་འཛིན་བཟུང་བྱས་ནས་བཙོན་ཁང་ནང་ཡོད་འདུག་པ་དང་། གཟའ་ཕུར་བུའི་ཉིན་དམངས་གཙོ་དོན་གཉེར་བ་འགའ་ཤས་ལ་ཁྲིམས་ཐོག་ནས་ནག་ཉེས་བཙུགས་ཡོད་འདུག
ཕྱི་ཚེས་༣༠ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་རང་ལོ་ཆེ་ཤོས་༦༧ ཡིན་པའི་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཞིག་ནས། རང་ལོ་ཆུང་ཤོས་༢༧ ཅན་གྱི་སློབ་ཕྲུག་ཞིག་བཅས་ཀྱི་ཁྱོན་མི་༤༧ ཙམ་འཛིན་བཟུང་བྱས་པ་དག དེ་སྔོན་ལོ་གསུམ་རིང་ཁྲིམས་ཐག་མ་བཅད་ནས་བཙོན་འཇུག་བྱས་ཡོད་འདུག་པ་དང་། དེ་རིང་གཟའ་ཕུར་བུའི་ཉིན་དམངས་གཙོ་དོན་གཉེར་བ་༤༧ ནས་༡༤ ལ་ཧོང་ཀོང་ནང་ཁྲིམས་འགལ་ཐོག་འོས་བསྡུ་བྱས་པ་དང་གཞུང་མགོ་རྟིང་སློག་ཐབས་བྱས་པའི་ནག་ཉེས་བཙུགས་ཡོད་འདུག་པར་བརྟེན། ཁོང་ཚོ་ལ་ཚེ་བཙོན་གྱི་ཉེས་ཆད་ཕོག་རྒྱུའི་ཉེན་ཁ་ཆེན་པོ་ཡོད་འདུག དམངས་གཙོ་དོན་གཉེར་བ་༤༧ ནས་བུད་མེད་༨ དང་སྐྱེས་པ་༣༩ བཅས་ཡོད་འདུག དམངས་གཙོ་དོན་གཉེར་བའི་ཁྲོད་དུ་མང་ཤོས་ནི་ཧོང་ཀོང་གི་ཕྱོགས་འགལ་སྲིད་དོན་ཚོགས་པའི་མི་ཡིན་འདུག་པ་དང་། དེའི་ཁྲོད་གྲོས་ཚོགས་འཐུས་མི་ (Claudia Mo)དང་(Helena Wong) (Kwok ka-ki)དང་ (icon)་ཟེར་བ་བཅས་བཞི་ནི། ཕྱི་ལོ་༢༠༡༤ སྐབས་དམངས་གཙོའི་ལས་འགུལ་ནང་མཉམ་ཞུགས་བྱས་མྱོང་མཁན་ཞིག་ཡིན་འདུག གཞན་མང་ཆེ་བ་ནི་ན་གཞོན་ལོ་ཆུང་རྐྱང་རྐྱང་ཡིན་འདུག ན་གཞོན་ཁྲོད་ནས་ཚོང་པ་དང་སྨན་ཞབས་པ། སློབ་ཕྲུག་བཅས་ཡོད་འདུག དམངས་གཙོ་དོན་གཉེར་བ་༤༧ ནས་༡༦ ལ་ཉེས་པ་ཆེན་པོ་མི་ཕོག་པའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་།

རྗེས་སུ་ག་རེ་ཡོང་མིན་ཤེས་ཚོད་ཐུབ་རྒྱུ་ཁག་པོ་ཆགས་ཀྱི་ཡོད་འདུག གྲོས་ཚོགས་འཐུས་མི་བཞི་ལ་ནག་ཉེས་ཆེན་པོ་ཕོག་ནས་ཚེ་བཙོན་བྱེད་རྒྱུའི་ཉེན་ཁ་ཆེན་པོ་ཡོད་འདུག ད་ལྟ་འཛིན་བཟུང་བཀག་ཉར་འོག་ཏུ་ཡོད་པའི་དམངས་གཙོ་དོན་གཉེར་བ་མང་ཆེ་བ་ནི་ཕྱི་ལོ་༢༠༢༡ ལོར་འཛིན་བཟུང་བྱས་པའི་དམངས་གཙོ་དོན་གཉེར་བ་ཡིན་འདུག དེའི་ནང་ནས་སློབ་དཔོན་(Benny Tai)ཟེར་བ་ཁོང་ནི་ཧོང་ཀོང་རང་བཙན་འདོད་མཁན་ཞིག་ཡིན་འདུག་ལ། ཁོང་གིས་རྒྱ་ནག་ནི་གཅིག་བསྡུའི་དབང་འཛིན་རིང་ལུགས་པ་ཞིག་ཡིན་པ་སོགས་བརྗོད་ནས། ཧོང་ཀོང་ལ་རང་བཙན་དགོས་པ་སོགས་ཀྱི་དགོས་འདུན་འདོན་མཁན་ཞིག་ཡིན་འདུག སློབ་དཔོན་དེ་ཡིས་དུས་རྒྱུན་ཚགས་ཤོག་ཐོག་ཧོང་ཀོང་གི་དམངས་གཙོའི་སྐོར་རྩོམ་དུ་མ་འབྲི་མཁན་ཞིག་དང་། དམངས་གཙོའི་ལས་འགུལ་བ་ཞིག་ཀྱང་ཡིན་འདུག རྒྱ་ནག་གཞུང་གིས་སློབ་དཔོན་(Benny Tai)ལྟ་བ་མཁྲེགས་འཛིན་ཅན་གྱི་རྙོག་འཛིང་བ་ཞིག་ཡིན་པ་སོགས་ཀྱི་སྐྱོན་རྗོད་བྱེད་ཀྱི་ཡོད་འདུག སློབ་དཔོན་དེ་ཡིས་སྣེ་ཁྲིད་ནས་དམངས་གཙོའི་ལས་འགུལ་རྒྱ་ཆེན་པོ་སྤེལ་ཡོད་འདུག་ལ། (civil disobedience)ཟེར་བ་མཉམ་ལས་མ་བྱས་པ་ཟེར་བའི་ལས་འགུལ་ཞིག་སྤེལ་ནས་ཧོང་ཀོང་ནང་གི་འོས་བསྡུ་དེ་རང་དབང་དང་བདེན་པའི་ཐོག་ནས་བྱེད་རྒྱུ་འབད་བརྩོན་ཆེན་པོ་བྱས་ཡོད་ཀྱང་། ཕྱི་ལོ་༢༠༡༩ ལོར་ཁོང་གིས་སྣེ་ཁྲིད་པའི་ལས་འགུལ་རྣམས་རྒྱ་ནག་གཞུང་གིས་བཀག་འགོག་བྱས་ནས་ལམ་འགྲོ་བྱུང་ཡོད་མི་འདུག དེ་ནས་ཁོང་རང་ཧོང་ཀོང་གཙུག་ལག་སློབ་ཆེན་ནས་དགོངས་པ་ཞུ་དགོས་བྱུང་ཡོད་འདུག་པ་དང་། ཁོང་རང་གིས་ད་ནས་བཟུང་ཧོང་ཀོང་ནང་ལ་རང་དབང་ལྡན་པའི་མཁའ་དབུགས་ཤིག་མེད་པ་རེད་ཅེས་ཕྱི་ལོ་༢༠༡༩ ལོར་ངོ་དེབ་ཐོག་བརྗོད་ཡོད་འདུག ཕྱི་ལོ་༢༠༡༩ ནང་བཟུང་རྒྱ་ནག་གཞུང་གིས་ཁོང་བཙོན་ནང་བཅུག་ནས་ད་ལྟ་ཡང་བཙོན་འོག་ཏུ་ཡོད་འདུག སློབ་ཕྲུག་ཁྲོད་ནས་དམངས་གཙོ་དོན་གཉེར་བ་(Joshua Wong)ཟེར་བ་ཁོང་ཡིན་འདུག་པ་དང་། ཁོང་ཐོག་མ་ཕྱི་ལོ་༢༠༡༤ ནས་དམངས་གཙོའི་ལས་འགུལ་ཁྲོད་མཉམ་ཞུགས་བྱས་ཡོད་འདུག སྐབས་དེ་དུས་ཁོང་རང་ལོ་༡༤ཡིན་འདུག་པ་དང་། ཉི་གདུགས་ཀྱི་ལས་འགུལ་སྤེལ་དུས་ཁོང་སྐད་གྲགས་ཆེན་པོ་ཆགས་ཡོད་འདུག དེ་རྗེས་ཕྱི་ལོ་༢༠༡༩ ལས་འགུལ་སྐབས་སུ་འཇུ་བཟུང་བཙོན་འཇུག་བྱས་ཡོད་འདུག དེ་བཞིན་དམངས་གཙོ་དོན་གཉེར་བའི་ཁྲོད་དུ་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སོགས་ཀྱི་མི་མང་འདྲ་མིན་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།