ཧོང་ཀོང་གི་ནང་དུ་མང་གཙོ་དོན་གཉེར་བ་ཚོར་ཉེས་འཛུགས་ངོས་ལེན་བྱེད་ཐབས་བྱེད་བཞིན་འདུག
ཧོང་ཀོང་ནང་དུ་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་དང་འགལ་བའི་ཉེས་འཛུགས་འོག་འཛིན་བཟུང་བྱས་པའི་མང་གཙོ་དོན་གཉེར་བ་ཚོར། ཁྲིམས་ཁང་དུ་ཉན་ཞིབ་དངོས་སུ་མ་བྱས་པའི་སྔོན་ནས་འཛིན་བཟུང་བྱས་པ་དང་གཏའ་དངུལ་ཐོག་གློད་གྲོལ་མ་བཏང་བར་སེམས་ཤུགས་བཅག་ནས་ཉེས་འཛུགས་ཁས་ལེན་ཡོང་ཐབས་བྱེད་བཞིན་ཡོད་འདུག
ཟླ་༤ པའི་ཚེས་༢༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཧོང་ཀོང་ནང་དུ་རྒྱ་ནག་གཞུང་གིས་བཙན་དབང་ཐོག་ནས་རྒྱལ་ཁབ་བདེ་འཇགས་ཁྲིམས་ཞེས་པ་དེ་ལག་བསྟར་བྱས་ནས་ལོ་ངོ་༢ ལྷག་འགྲོ་བཞིན་ཡོད་པ་དང་། དུས་སྐབས་དེའི་རིང་ཧོང་ཀོང་གི་ཁྲིམས་རྙིང་པ་མང་པོ་ཞིག་འགྱུར་བ་ཆེན་པོ་བཏང་ཡོད་འདུག དེ་དག་ཁོངས་ནས་འགྱུར་བ་ཆེ་ཤོས་ཤིག་ནི་གཏའ་དངུལ་ཐོག་ནས་གློད་གྲོལ་གཏོང་བའི་ཁྲིམས་ཡིན་པ་དང་། དེ་སྔོན་ཡིན་ན་ཁྲིམས་ཁང་དུ་ཉན་ཞིབ་ཀྱི་ལས་དོན་དངོས་སུ་འགོ་འཛུགས་མ་བྱས་པའི་བར་དུ། ཉེས་འཛུགས་བྱེད་ཡུལ་རྩོད་ལེན་པར་འགྲོ་སྐྱོད་ཀྱི་རང་དབང་ཡོད་ཀྱང་། རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་འོག་ཏུ་རྩོད་ལེན་པར་ཉེས་འཛུགས་བྱས་རྗེས་བཙོན་ཁང་དུ་སྡོད་དགོས་པ་ཆགས་ཡོད་འདུག འགྱུར་བ་དེས་རྩོད་ལེན་པ་ཞིག་ཁྲིམས་ཐོག་ནས་ནག་ཉེས་ར་སྤྲོད་མ་བྱས་པའི་བར་དུ་ཉེས་མེད་ཡིན་པའི་ལྟ་ཕྱོགས་དང་འགལ་ཟླ་འགྲོ་ཡི་ཡོད་ཁར། འགྱུར་བ་དེ་ནི་རྩོད་ལེན་པ་ཚོའི་སེམས་ཤུགས་གཅོག་ཆེད་ཡིན་སྐོར་བརྗོད་བཞིན་འདུག
དེ་ཡང་ཕྱི་ལོ་༢༠༢༠ ལོའི་ཟླ་༧ པའི་ནང་མང་གཙོ་དོན་གཉེར་བ་གྲོས་ཚོགས་འཐུས་མིར་ལངས་མཁན་ཚོའི་ཆེད་དུ་སྔོན་འགྲོའི་འོས་བསྡུ་ཞིག་གོ་སྒྲིག་བྱས་པའི་གནད་དོན་དང་འབྲེལ་ནས། ཕྱི་ལོ་༢༠༢༡ ལོའི་ཟླ་༡ པོའི་ནང་མང་གཙོ་དོན་གཉེར་བ་༤༧ ཞིག་ལ་རྒྱལ་ཁབ་བདེ་འཇགས་ཁྲིམས་དང་འགལ་བའི་ཉེས་འཛུགས་འོག་བཙོན་འཇུག་བྱས་འདུག་པ་དང་། ཟླ་བ་གཉིས་ཀྱི་རྗེས་སུ་ཁོ་ཚོ་གཏའ་དངུལ་ཐོག་གློད་གྲོལ་ཡོངས་ཐབས་ཀྱི་ཉན་ཞིབ་གཅིག་ཁྲིམས་ཁང་དུ་འཚོགས་འདུག འོན་ཀྱང་ཁོ་ཚོའི་ཁོངས་ནས་མི་གྲངས་༣༠ ལས་མང་བ་ཞིག་གློད་གྲོལ་མ་ཐོབ་པར་མུ་མཐུད་བཙོན་འཇུག་བྱས་འདུག་པ་དང་། ད་ཆ་ལོ་ངོ་གཅིག་དང་ཟླ་བ་༣ ལས་མང་བའི་རྗེས་སུ་ཉེས་འཛུགས་དེ་དང་འབྲེལ་ནས་གནས་ཚུལ་ཁག་ཅིག་ཐོག་གྲོས་སྡུར་བྱེད་རྒྱུ་ཡིན་ཁར། ཁྲིམས་ཁང་དུ་ཉན་ཞིབ་དངོས་སུ་ལོ་རྗེས་མར་འགོ་འཛུགས་བྱེད་སྲིད་འདུག་པས། ཉན་ཞིབ་དངོས་སུ་འགོ་འཛུགས་མ་བྱས་པའི་སྔོན་ནས་རྩོད་ལེན་པ་དེ་དག་བཙོན་ཁང་དུ་ལོ་ངོ་༢ ལས་མང་བ་བཙོན་འཇུག་བྱེད་སྲིད་པ་དེ་ནི་རྩོད་ལེན་པ་དེ་དག་གི་སེམས་ཤུགས་བཅག་ནས། མཐའ་མ་དེར་ཉེས་འཛུགས་ངོས་ལེན་བྱེད་པའི་ངན་བྱུས་ཡིན་སྐོར་བརྗོད་བཞིན་འདུག
ཨ་རིའི་ཁྲིམས་རྩོད་པ་ཞིག་འདས་པའི་ལོ་ངོ་གཉིས་རིང་ཧོང་ཀོང་གི་བཙོན་ཁང་དུ་ཐེངས་གཉིས་བཙོན་འཇུག་བྱས་འདུག་པ་དང་། སྐབས་དེ་གཉིས་རིང་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་གྲགས་ཅན་ཇཱོ་ཤི་ཝ་ཝོང་སོགས་དང་ཐུག་ནས་སྐད་ཆ་བཤད་ཐུབ་འདུག ཁོང་གིས་བརྗོད་དོན་ལྟར་ན་བཙོན་འཇུག་ཐེངས་དང་པོ་དེར་མང་གཙོ་དོན་གཉེར་བ་དེ་དག་གིས་ཉེས་འཛུགས་དེ་དག་ལ་ཁྲིམས་ཐོག་ནས་ཁ་གཏད་གཅོག་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཚུལ་བརྗོད་ཀྱང་། བཙོན་འཇུག་ཐེངས་གཉིས་པའི་སྐབས་སུ་ཁོ་ཚོའི་སེམས་ཤུགས་ཏོག་ཙམ་ཆགས་ཡོད་པའི་རྣམ་པ་མཐོང་བྱུང་སྐོར་བརྗོད་འདུག
ཧོང་ཀོང་གི་ཁྲིམས་ཞིབ་ལྷན་ཁང་གིས་རྒྱལ་ཁབ་བདེ་འཇགས་ཁྲིམས་དང་འབྲེལ་ནས་གཏའ་དངུལ་ཐོག་ནས་གློད་གྲོལ་གཏོང་རྒྱུ་དང་འབྲེལ་བའི་ཁྲིམས་ཀྱི་འགྱུར་བ་དེས། ཁུལ་དེའི་ཁྲིམས་ལུགས་ཀྱི་དྲང་བདེན་ལ་དོ་ཕོག་བཏང་མེད་ཁར། དེ་དག་དང་འབྲེལ་བའི་གནད་དོན་ཚང་མར་དྲང་བདེན་ཐོག་ནས་ལས་དོན་སྤེལ་ཡོད་པ། གཏའ་དངུལ་གྱི་ཁྲིམས་དེ་འདྲ་ཡོད་མཁན་རྒྱལ་ཁབ་གཞན་ཁག་ཅིག་ཡོད་སྐོར་བརྗོད་ནས། ཁྲིམས་ཀྱི་འགྱུར་བ་དེ་ནི་རྩོད་ལེན་པ་རྣམས་བཙོན་ཁང་དུ་མུ་མཐུད་འཇོག་ཐབས་མིན་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།