ཧོང་ཀོང་གི་མང་གཙོ་དོན་གཉེར་བ་ཕྱུག་བདག་ཅིག་སླར་ཡང་འཛིན་བཟུང་བྱས་འདུག 

ཧོང་ཀོང་གཞུང་གིས་མང་གཙོའི་ལས་འགུལ་བ་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད་རྗེས། གྲོང་ཁྱེར་དེའི་ནང་མང་གཙོ་ལས་འགུལ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་ཐེར་འབུམ་བདག་པོ་ཇཱི་མཱི་ལའེ་ལ་གཡོ་ཟོལ་བྱས་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་འདུག་པ་དང་། གཏའ་དངུལ་འོག་གློད་གྲོལ་བཏང་མེད་འདུག ཁོང་ནི་ཧོང་ཀོང་ནང་དུ་བཙན་དབང་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལག་བསྟར་བྱས་རྗེས། ཁྲིམས་དེའི་འོག་ཏུ་འཛིན་བཟུང་བྱུང་མཁན་མི་སྣ་སྐད་གྲགས་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་རེད།

ཟླ་༡༢ པའི་ཚེས་༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༢ ཉིན་གྱི་དགོང་མོར་ཧོང་ཀོང་གི་ཕྱུག་བདག་ཇཱི་མཱི་ལའེ་དང་ཁོང་གི་གསར་འགྱུར་ཚོང་ལས་ཁང་གི་འགན་འཛིན་མཐོ་གྲས་གཉིས་ཉེན་རྟོག་པས་འཛིན་བཟུང་བྱས་འདུག་པ་དང་། དེ་ཡང་ཁོང་ཚོས་ཚོང་ལས་ཁང་གི་ལས་ཁུངས་དེ་བོགས་གཏོང་གི་གན་རྒྱ་དང་མི་མཐུན་པའི་ལས་དོན་ཆེད་དུ་བེད་སྤྱོད་བཏང་ཡོད་པས། ཁོང་གསུམ་ལ་ཁྲིམས་འགལ་དང་གཡོ་ཟོལ་གྱི་བྱེད་ལས་ལ་ཞུགས་པའི་ཉེས་འཛུགས་བྱས་ཡོད་འདུག ཚེས་༣ ཉིན་ཕྱུག་བདག་ཁོང་གི་ལས་རོགས་གཉིས་ལ་ཁྲིམས་ཁང་གིས་གཏའ་དངུལ་ཐོག་གློད་གྲོལ་བཏང་འདུག་ཀྱང་། ཁོང་བྲོས་བྱོལ་འགྲོ་བའི་ཉེན་ཁ་ཡོད་པར་ངོས་འཛིན་གྱིས་ཁྲིམས་ཁང་གིས་གཏའ་དངུལ་ཐོག་གློད་གྲོལ་བཏང་མེད་ཁར། ལོ་རྗེས་མའི་ཟླ་༤ པར་ཁྲིམས་ཁང་གི་ཉན་ཞིབ་བར་དུ་བཀག་ཉར་བྱེད་རྒྱུ་ཡིན་པ་རེད། 

རང་ལོ་༧༢ ཡིན་པའི་ཕྱུག་བདག་ཇཱི་མཱི་ལའེ་ནི་ཧོང་ཀོང་ནང་མང་གཙོ་དོན་གཉེར་བ་དང་ཚོང་པ་གྲགས་ཅན་ཞིག་ཡིན་ཁར། རྒྱུན་དུ་ནས་ཧོང་ཀོང་གཞུང་དང་རྒྱ་ནག་གཞུང་ལ་མངོན་གསལ་དོད་པོའི་ཐོག་ནས་སྐྱོན་བརྗོད་ཤུགས་ཆེན་བྱེད་མཁན་ཡིན་འདུག དེ་བཞིན་ཁོང་ནི་མང་གཙོ་དོན་གཉེར་བར་རྒྱབ་སྐྱོར་གྱི་གནས་ཚུལ་ཁྱབ་ཆེན་སྤེལ་མཁན་གྱི་གསར་ཤོག་(Apple Daily) གསར་འཛུགས་བྱེད་མཁན་དང་སྤྱི་ཁྱབ་རྩོམ་སྒྲིག་པ་ཟུར་པ་ཡང་ཡིན་འདུག

འདི་ལོའི་ཟླ་༢ པའི་ནང་ཁྲིམས་འགལ་གྱི་འདུ་འཛོམས་དང་མི་གཞན་ལ་སྡིགས་བསྐུལ་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པ་རེད། དེ་ཡང་ཕྱི་ལོ་༢༠༡༩ ལོར་ཟླ་༨ པའི་ཚེས་༣༡ ཉིན་ཧོང་ཀོང་ནས་རྒྱ་ནག་ལ་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་ལས་འགུལ་ཞིག་ལ་ཉེན་རྟོག་པས་ཆོག་མཆན་སྤྲད་མེད་ཀྱང་། མང་གཙོ་ལས་འགུལ་བ་མང་པོ་ཞིག་གིས་ལས་འགུལ་སྤེལ་ཡོད་འདུག་པས། འཛིན་བཟུང་བྱས་པའི་ཚོང་པ་གྲགས་ཅན་ཁོང་ཡང་མཉམ་ཞུགས་བྱས་ཡོད་འདུག དེ་བཞིན་དེ་སྔོན་ཕྱི་ལོ་༢༠༡༧ ལོར་ཁོང་གིས་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གསར་ཁང་ཞིག་གི་གསར་འགོད་པ་གཅིག་ལ་སྡིགས་བསྐུལ་བྱས་པའི་དོགས་གཞི་ཡང་ཡོད་འདུག དེ་སྔོན་ཕྱི་ལོ་༢༠༡༤ ལོར་ཚོང་པ་ཁོང་གིས་མང་གཙོའི་ལས་འགུལ་སྤེལ་ཡུལ་གྱི་ས་ཚིགས་ལྟེ་གནས་ཤིག་ནས་ཐོན་རོགས་མ་བྱས་པར་ལས་འགུལ་མུ་མཐུད་སྤེལ་བས་འཛིན་བཟུང་བྱས་ཡོད་འདུག

འདི་ལོའི་ཟླ་༦ པའི་ནང་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དུ་བཙན་དབང་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལག་བསྟར་བྱེད་འགོ་བཙུགས་རྗེས། ཟླ་༨ པའི་ནང་ཕྱུག་བདག་ཁོང་གིས་ཕྱིའི་རྒྱལ་ཁབ་ཁག་དང་ངན་པ་ལག་སྦྲེལ་བྱས་ཡོད་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད་པ་དང་། དེ་བཞིན་ཁོང་གི་གསར་ཁང་(Apple Daily) ལས་ཁང་ལ་ཡང་བསྔོགས་བཤེར་བྱས་ཡོད་པ་རེད། ཁོང་རྗེས་སུ་གནད་དོན་དེ་དང་འབྲེལ་ནས་གཏའ་དངུལ་འོག་གློད་གྲོལ་བཏང་ཡོད་པ་རེད་དེ། ཐེངས་འདིར་སླར་ཡང་ཉེས་འཛུགས་གཞན་ཞིག་འོག་འཛིན་བཟུང་བྱས་ཡོད་པ་རེད། 

ད་ལྟའི་ཆར་ཧོང་ཀོང་ནང་དུ་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་དང་། དེ་བཞིན་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཁྲིམས་སོགས་ལ་བརྟེན་ནས་ཕྱི་རུ་ཐོན་ནས་མང་གཙོའི་ལས་འགུལ་སྤེལ་ཐབས་ཁག་པོ་ཆགས་ཡོད་པ་རེད་ལ། སྤྱི་ཚོགས་དྲ་ལམ་ཁག་ཏུ་ཡང་སྐད་ཆ་གང་བཤད་ཀྱང་གཟབ་ནན་བྱེད་དགོས་པ་ཆགས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།