ཧོང་ཀོང་གི་མང་གཙོའི་ལས་འགུལ་ཚོགས་པ་གལ་ཆེན་ཞིག་སྒོ་བརྒྱབ་འདུག 

ཧོང་ཀོང་ནང་གི་མང་གཙོའི་ལས་འགུལ་ཆེ་གྲས་ཁག་གོ་སྒྲིག་བྱེད་མཁན་ཚོགས་པ་གལ་ཆེན་ཞིག་གི་ཚོགས་གཙོ་བཙོན་ཁང་དུ་ཡོད་པའི་ཐོག རྒྱ་ནག་གཞུང་གི་གནོན་ཤུགས་འོག་ལས་འགུལ་གང་ཡང་གོ་སྒྲིག་བྱེད་ཐུབ་ཀྱི་མེད་པས། ཚོགས་པ་དེ་སྒོ་རྒྱག་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག 

ཟླ་༨ པའི་ཚེས་༡༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཧོང་ཀོང་གི་སྤྱི་དམངས་འགྲོ་བ་མིའི་ཐོབ་ཐང་འཐབ་ཕྱོགས་(Civil Human Rights Front) ཀྱི་འོག་ཏུ། ཧོང་ཀོང་གི་གཞུང་འབྲེལ་མིན་པའི་སྤྱི་དམངས་ཚོགས་པ་མང་པོ་ཞིག་ཡོད་པ་དང་། ལོ་རེའི་ཟླ་༧ པའི་ཚེས་༡ ཉིན་མང་གཙོའི་ལས་འགུལ་ཆེན་མོ་དེ་ཡང་ཚོགས་པ་དེས་གོ་སྒྲིག་བྱས་ཡོད་འདུག ཕྱི་ལོ་༢༠༡༩ ལོར་ཚོགས་པ་དེས་གོ་སྒྲིག་བྱས་པའི་ལས་འགུལ་ནང་མི་མང་ས་ཡ་༢ ལྷག་མཉམ་ཞུགས་བྱས་ཡོད་འདུག་པས། མི་མང་མཉམ་ཞུགས་ཀྱི་ལས་འགུལ་ཆེ་གྲས་སུ་ངོས་འཛིན་བྱེད་ཀྱི་འདུག 

ཉེ་ཆར་ཚོགས་པ་དེས་གསལ་བསྒྲགས་ཤིག་སྤེལ་ཏེ། ཚོགས་པ་དེས་ད་བར་དུ་ཧོང་ཀོང་མི་མང་གི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་རྒྱུར་དམིགས་ནས། མི་མང་གི་ཁྲོམ་སྐོར་ལས་འགུལ་གོ་སྒྲིག་བྱེད་སྐབས་ཁྲིམས་མཐུན་དང་ཞི་བ། རྒྱུ་མཚན་དང་ལྡན་པ། འཚེ་བ་མེད་པ་བཅས་ཀྱི་ལྟ་བ་བཟུང་ཡོད་པ་དང། སྤྱི་ཚོགས་ནང་གི་མི་ཚང་མར་སོ་སོའི་སེམས་འཚབ་ཡོད་པའི་གནད་དོན་ཐོག་གླེང་སློང་བྱེད་རྒྱུའི་གོ་སྐབས་སྤྲད་ཡོད་ཀྱང་། སྟབས་མ་ལེགས་པ་ཞིག་ལ་ཉེ་བའི་ལོ་ཤས་སྔོན་ནས་གཞུང་གིས་ཏོག་དབྱིབས་ནད་ཡམས་རྒྱུ་མཚན་དུ་བསྟུད་མར་བེད་སྤྱད་ནས་ཚོགས་པ་འདི་དང་གཞན་གྱི་ལས་འགུལ་གོ་སྒྲིག་བྱེད་པའི་སྙན་ཞུར་ངོས་ལེན་བྱས་མེད། དེ་བཞིན་ཚོགས་པ་དེའི་ཚོགས་གཙོ་ཕྱི་ལོ་༢༠༡༩ ལོའི་ལས་འགུལ་དང་འབྲེལ་ནས་བཙོན་ཁང་དུ་འཇུག་ཡོད་པའི་ཐོག ཁོང་གི་ཚབ་ཏུ་ཚོགས་གཙོ་བྱེད་མཁན་མེད་ཁར། འཛིན་སྐྱོང་སྐབས་རྗེས་མའི་ནང་ཞུགས་འདོད་བྱེད་མཁན་ཚོགས་མི་སུ་ཡང་མེད་པས། ཚོགས་པ་དེ་སྒོ་རྒྱག་རྒྱུ་ལས་གཞན་ཐབས་ལམ་གང་ཡང་ལྷག་མེད་སྐོར་བརྗོད་འདུག 

དེ་ཡང་ཟླ་༣ པའི་ནང་ཚོགས་པ་དེར་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་དང་འབྲེལ་ནས་ཞིབ་འཇུག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་རྗེས། ཉུང་མཐར་ལ་ཚོགས་པ་ཆེ་བ་དྲུག་ཚོགས་ཁོངས་ནས་ཕྱིར་འཐེན་བྱས་ཡོད་པ་དང་། ཚོགས་པ་དེ་སྒོ་བརྒྱབ་པའི་དུས་སྐབས་སུ་ཚོགས་ཁོངས་སུ་ཚོགས་པ་བརྒྱད་ཡོད་འདུག 

ཚོགས་པ་དེ་ཕྱི་ལོ་༢༠༠༢ ལོར་མང་གཙོར་རྒྱབ་སྐྱོར་བྱེད་མཁན་གྱི་ཚོགས་པ་རྣམས་འབྲེལ་མཐུད་ཀྱིས། ཁྲོམ་སྐོར་ལས་འགུལ་སོགས་གོ་སྒྲིག་བྱེད་ཆེད་དུ་གསར་འཛུགས་བྱས་ཏེ། ད་བར་ལས་འགུལ་ཚང་མ་ཉེན་རྟོག་པའི་ཆོག་མཆན་ཡོད་པའི་ཐོག་ནས་གོ་སྒྲིག་བྱས་འདུག འོན་ཀྱང་ཕྱི་ལོ་༢༠༡༩ ལོར་ཚོགས་པ་དེས་གོ་སྒྲིག་བྱས་པའི་ལས་འགུལ་སྐབས་སུ་ཉེན་རྟོག་པ་དང་ལས་འགུལ་བའི་བར་གདོང་ཐུག་ཚབས་ཆེན་བྱུང་ནས་རྙོག་གྲྭ་ཆེན་པོ་ལྷག་ཡོད་འདུག 

རྒྱ་ནག་གཞུང་གིས་བཙན་དབང་ཐོག་ནས་ཧོང་ཀོང་ནང་དུ་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལག་བསྟར་བྱེད་འགོ་བཙུགས་པ་ནས་བཟུང་། མང་གཙོའི་ལས་འགུལ་བའི་ཚོགས་པ་མང་པོ་ཞིག་སྒོ་བརྒྱབ་དགོས་བྱུང་ཡོད་པ་མ་ཟད། ལས་འགུལ་བ་མང་པོ་ཞིག་བཙོན་འཇུག་བྱས་ཡོད་པ་དང་། མང་གཙོར་རྒྱབ་སྐྱོར་བྱེད་མཁན་གྱི་གསར་ཁང་གྲགས་ཆེ་ཤོས་ཀུ་ཤུ་ཉིན་རེའི་གསར་ཤོག་སྒོ་རྒྱག་དགོས་བྱུང་ཡོད་པ་རེད། དེ་བཞིན་ཉེ་ཆར་ཧོང་ཀོང་གི་དགེ་རྒན་འབུམ་གཅིག་ལྷག་ཡོད་པའི་དགེ་རྒན་གྱི་ཆེད་ལས་མཐུན་ཚོགས་ཀྱང་གནོན་ཤུགས་འོག་སྒོ་རྒྱག་དགོས་བྱུང་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།