ཧོང་ཀོང་གི་སྤྱི་ཁྱབ་དཔོན་གསར་པ་ནི་མཁྲེགས་འཛིན་ཅན་གྱི་ཉེན་རྟོག་དཔོན་ཟུར་པ་ཞིག་རེད་འདུག 

ཧོང་ཀོང་གི་སྤྱི་ཁྱབ་དཔོན་ལྕམ་ཁཱེ་རི་ལམ་གི་ལས་ཡུན་དེ་ཟླ་༦ པའི་ཟླ་མཇུག་ཏུ་རྫོགས་ཀྱི་ཡོད་པ་བསྟུན། འདེམས་ཐོན་བྱུང་བའི་སྤྱི་ཁྱབ་དཔོན་གསར་པ་དེ་ནི་རྒྱ་ནག་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་དང་ཉེན་རྟོག་པས་མང་གཙོའི་ལས་འགུལ་བ་ཚོར་དྲག་གནོན་ཤུགས་ཆེན་བྱེད་པར་རྒྱབ་སྐྱོར་གྱི་ཉེན་རྟོག་དཔོན་ཟུར་པ་ཞིག་ཡིན་འདུག 

ཟླ་༥ པའི་ཚེས་༨ ཉིན་རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གྱིས་ཁེངས་པའི་ཧོང་ཀོང་གི་འོས་བསྡུ་ལྷན་ཚོགས་ཀྱི་ཚོགས་མི་༡༤༢༨ ཀྱིས་ཧོང་ཀོང་གི་སྤྱི་ཁྱབ་དཔོན་འོས་འདེམས་བྱས་འདུག་པ་དང་། སྔོན་མ་དང་མི་འདྲ་བར་འོས་མི་གཅིག་ལས་མེད་པ་དང་། འོས་བསྡུའི་ཚོགས་མི་༡༤༡༦ གིས་ཁོང་ལ་རྒྱབ་སྐྱོར་དང་། ཚོགས་མི་༨ ཀྱིས་ཁོང་ལ་དགག་བྱ། ཚོགས་མི་༤ ཡིས་འོས་ཤོག་སྟོང་པ་སྤྲད་ཡོད་འདུག་པས། འོས་མི་གཅིག་པུ་ཧོང་ཀོང་གི་སྤྱི་ཁྱབ་ཉེན་རྟོག་དཔོན་ཟུར་པ་རང་ལོ་༦༤ སོན་པ་རྗོན་ལཱི་སྤྱི་ཁྱབ་དཔོན་དུ་འདེམས་ཐོན་བྱུང་ཡོད་པ་རེད། ད་བར་ཧོང་ཀོང་མི་མང་ལ་གྲོང་ཁྱེར་དེའི་སྤྱི་ཁྱབ་དཔོན་འོས་འདེམས་བྱེད་པའི་ཐོབ་ཐང་སྤྲད་མྱོང་མེད་ཁར། ཐོབ་ཐང་དེ་ནི་འོས་བསྡུ་ལྷན་ཚོགས་ལ་སྤྲད་ཡོད་ཁར། ལྷན་ཚོགས་དེའི་ནང་གི་ཚོགས་མི་མང་ཆེ་བ་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་སླེབས་ཀྱི་ཡོད་པ་རེད། 

ཧོང་ཀོང་གི་སྤྱི་ཁྱབ་དཔོན་གསར་པ་རྗོན་ལཱི་ཡིས་ཕྱི་ལོ་༡༩༧༧ ལོར་རང་ལོ་༢༠ ནས་ཧོང་ཀོང་གི་ཉེན་རྟོག་རུ་ཁག་ནང་འཛུལ་ཞུགས་ཀྱིས་ཐེམས་པ་རིམ་འཛེགས་ཀྱིས་ལྕམ་ཁཱེ་རི་ལམ་གྱི་སྲིད་གཞུང་སྐབས་སུ་ཁོང་ཧོང་ཀོང་གི་བདེ་སྲུང་དྲུང་ཆེར་བསྐོ་གཞག་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༩ ལོར་ཧོང་ཀོང་ནང་དུ་ཕྱིས་སུ་ཕྱིར་བསྡུ་བྱས་པའི་རྩོད་རྙོག་ཅན་གྱི་རྒྱ་ནག་ལ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་མི་མང་གིས་ངོ་རྒོལ་ཤུགས་ཆེན་བྱས་པའི་སྐབས་སུ། ཁོང་གིས་ཁྲིམས་འཆར་དེར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་པ་རེད། ལོ་སྔོན་མའི་ཟླ་༦ པའི་ནང་ཁོང་ཧོང་ཀོང་གཞུང་གི་སྤྱི་ཁྱབ་དྲུང་ཆེར་བསྐོ་གཞག་བྱུང་ཡོད་པ་དང་། དེ་ནི་ཧོང་ཀོང་གཞུང་གི་ལས་གནས་མཐོ་ཤོས་གཉིས་པ་དེ་ཡིན་འདུག 

ཉེན་རྟོག་པས་ཧོང་ཀོང་གི་མང་གཙོ་ལས་འགུལ་བ་ཚོར་དྲག་གནོན་བྱས་པའི་སྐྱོན་བརྗོད་ལ་ཁས་ལེན་ནམ་ཡང་མ་བྱས་པར། ཉེན་རྟོག་པའི་བྱ་སྤྱོད་ལ་སྲུང་སྐྱོབ་ཀྱིས་ངོ་རྒོལ་བ་ཁག་ཅིག་གི་དྲག་པོའི་བྱ་སྤྱོད་རྣམས་ནི་འཇིགས་སྐུལ་རིང་ལུགས་པ་དང་མཁྲེགས་འཛིན་མཁན་གྱི་བྱ་སྤྱོད་དང་གཅིག་མཚུངས་ཡིན་སྐོར་བརྗོད་མྱོང་འདུག 

ཨ་རི་གཞུང་གིས་རྗོན་ལཱི་དང་ཧོང་ཀོང་གི་དཔོན་རིགས་གཞན་ཚོས་གྲོང་ཁྱེར་དེའི་རང་དབང་ལ་རྡོག་རོལ་བཏང་བར་ངོས་འཛིན་གྱིས་དཔལ་འབྱོར་ཉེས་ཆད་བཏང་ཡོད་པ་རེད་འདུག 

ཧོང་ཀོང་གི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་དང་འབྲེལ་བའི་གནད་དོན་ཁག་ལ་སྟངས་འཛིན་བྱེད་མཁན་གྱི་ཚོགས་ཆུང་ནང་དུ་ཁོང་བསྐོ་བཞག་བྱུང་བ་དང་། ཁོང་གིས་ཁྲིམས་དེས་ཧོང་ཀོང་ནང་དུ་བརྟན་ལྷིངས་བསྐྱར་གསོ་བྱེད་ཐུབ་པ་བྱུང་ཡོད་ཁར། ཧོང་ཀོང་ནང་དུ་རང་བཙན་དང་དྲག་སྤྱོད། མཁྲེགས་འཛིན་གྱི་ལྟ་བ་རྣམས་མེད་པ་བཟོ་ཆེད་དུ་མུ་མཐུད་ནས་ལས་དོན་སྤེལ་རྒྱུ་ཡིན་སྐོར་བརྗོད་འདུག 

ཁོང་གིས་སྤྱི་ཁྱབ་དཔོན་གྱི་ལས་ཡུན་སྐབས་སུ་བདེ་འཇགས་ཀྱི་གནད་དོན་རྣམས་གལ་ཆེ་ཤོས་སུ་ངོས་འཛིན་བྱེད་རྒྱུ་ཡིན་ཁར། ཧོང་ཀོང་གི་རྨང་གཞི་ཁྲིམས་ཀྱི་དོན་ཚན་༢༣ དེ་བསྐྱར་བཅོས་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག དོན་ཚན་དེའི་ཧོང་ཀོང་ནང་དུ་རྒྱ་ནག་ལ་ཁ་གཏད་ཀྱི་ཁ་བྲལ་དང་ངོ་ལོག གཞུང་སྲིད་མགོ་རྟིང་སློག་པ། རྩ་གཏོར་བཅས་ཀྱི་བྱ་སྤྱོད་བཀག་འགོག་བྱེད་ཆེད་དུ། ཧོང་ཀོང་གི་ཁྲིམས་དེ་གྲོང་ཁྱེར་རང་ངོས་ནས་གཏན་འབེབས་བྱེད་དགོས་ཞེས་བརྗོད་ཡོད་འདུག ཕྱི་ལོ་༢༠༠༣ ལོ་ནས་གྲོང་ཁྱེར་གྱི་སྤྱི་ཁྱབ་དཔོན་སུ་གང་གིས་ཁྲིམས་དེ་བསྐྱར་བཅོས་ཡོང་ཐབས་བྱས་མེད་འདུག་ཀྱང་། ད་ལྟའི་ཧོང་ཀོང་ནང་རང་དབང་གི་གནས་བབ་དང་གྲོས་ཚོགས་ནང་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གྲོས་ཚོགས་འཐུས་མི་ཤ་སྟག་ཡིན་པ་དང་བསྟུན་ནས་ཁྲིམས་དེ་བསྐྱར་བཅོས་བྱེད་ཐུབ་རྒྱུ་ལས་སླ་པོ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།