ཧོང་ཀོང་གི་སློབ་གྲྭའི་ནང་དུ་ཤར་ཏུར་ཀི་སི་ཐན་དུ་བཀོལ་སྤྱོད་བྱེད་བཞིན་པའི་རྒྱལ་གཅེས་སློབ་དེབ་སློབ་ཁྲིད་བྱེད་འགོ་བརྩམ་རྒྱུ་རེད་འདུག
རྒྱ་ནག་གཞུང་གིས་ཧོང་ཀོང་གི་རང་སྲིད་རང་སྐྱོང་དང་མང་གཙོ་རྨང་ནས་རྩ་མེད་བཟོ་བའི་དམིགས་ཡུལ་དང་འབད་བརྩོན་ཁྲོད། ཧོང་ཀོང་གི་གཞི་རིམ་སློབ་གྲྭའི་ནང་དུ་སྐམ་ས་ཆེན་མོ་ནས་པར་སྐྲུན་བྱས་ཏེ་ཤར་ཏུར་ཀི་སི་ཐན་དུ་བེད་སྤྱོད་བྱེད་བཞིན་པའི་སློབ་དེབ་རྣམས་སློབ་ཁྲིད་བྱེད་འགོ་བརྩམ་རྒྱུ་རེད་འདུག
རྒྱ་ནག་གི་སློབ་གསོ་ལས་ཁུངས་(The Education Bureau) ནས་བདུན་འདིའི་རེས་གཟའ་ཟླ་བའི་ཉིན་<<བདག་གི་ཁྱིམ་གཞིས་རྒྱ་ནག་ནང་དུ་ཡོད་>>ཅེས་པའི་བྱིས་པའི་དཔེ་ཚོགས་ཤིག་ཧོང་ཀོང་དུ་གཏོང་རྒྱུ་ཡིན་ཚུལ་བསྒྲགས་པ་དང་། དེ་ཡང་གཙོ་བོ་བྱིས་པ་ཚོའི་ཟུར་ལྟའི་སློབ་དེབ་དང་། ཕྱི་ཟླ་བཞི་པའི་ནང་འཚོགས་གཏན་ཁེལ་བའི་རྒྱ་ནག་གི་ལོ་རྒྱུས་ཀྱི་ཤེས་བྱའི་འགྲན་སྡུར་ཆེན་མོ་ཞིག་གི་རྒྱུ་ཆར་དམིགས་ནས་གཏོང་རྒྱུ་ཡིན་པའི་འགྲེལ་བརྗོད་བྱས་ཡོད་འདུག
བྱིས་པའི་དཔེ་ཚོགས་དེ་ནི་པེ་ཅིང་སློབ་གྲྭ་ཆེན་མོའི་སློབ་དཔོན་ཐན་ཆུའུ་བྷོ་(Tan Chuanbao) ཞེས་པ་ཡིས་རྩོམ་སྒྲིག་བྱས་པ་ཞིག་ཡིན་འདུག་ཅིང་། ཕྱི་ལོ་༢༠༡༨ ཀྱི་ཕྱི་ཟླ་༥ པར་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཡོད་པའི་ཤིང་ཅང་ངམ་ཤར་ཏུར་ཀི་སི་ཐན་གྱི་སློབ་གྲྭའི་ནང་དུ་འགྲེམ་སྤེལ་བྱས་ཡོད་འདུག་པ་དང་། བརྒྱུད་ལམ་འགའ་ཤས་ནས་དཔེ་ཚོགས་དེ་བདུན་ཕྲག་རྗེས་མ་ཙམ་ནས་ཧོང་ཀོང་དུ་འབྱོར་རྒྱུ་ཡིན་ཚུལ་བཤད་ཀྱི་ཡོད་འདུག
ཕྱི་ལོ་༡༩༩༧ ལོར་དབྱིན་ཇིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱེད་སྐབས། རྒྱ་ནག་གིས་ཧོང་ཀོང་ལ་ཕྱི་ལོ་༢༠༤༧ བར་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་སྲིད་བྱུས་ལག་བསྟར་དང་། རང་སྲིད་རང་སྐྱོང་དུ་འཇོག་རྒྱུའི་ཁས་བླངས་ཡོད། ཡིན་ན་ཡང་། རྒྱ་ནག་གིས་སོ་སོའི་ཁས་ལེན་དང་རྒྱལ་ཁབ་གཉིས་ཀྱི་གྲོས་མཐུན་རྩིས་མེད་བཏང་ནས་ན་ནིང་ཕྱི་ཟླ་༦ པར་མང་གཙོའི་ལས་འགུལ་བ་དང་། ཕྱོགས་འགལ་ཆབ་སྲིད་མི་སྣ་དག་གི་ཐོག་ཏུ་བེད་སྤྱོད་གཏོང་ཆོག་པའི་“རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་”ཞེས་པ་ཞིག་གཏན་ལ་ཕབ་པའི་ཐོག ཉེ་ཆར་རང་རྒྱ་ནག་གི་གྲོས་ཚོགས་ནས་ཧོང་ཀོང་གི་མང་གཙོའི་འོས་བསྡུའི་ལམ་ལུགས་སྒྱུར་བཅོས་གཏོང་རྒྱུ་གཏན་ལ་ཕབ་སྟེ་ཧོང་ཀོང་གི་རང་དབང་དང་། མང་གཙོ་རྨང་ནས་རྩ་མེད་བཏང་བ་མ་ཟད། ད་ནི་ཤེས་ཡོན་སློབ་གསོའི་ཁ་ཕྱོགས་དང་། གཞི་རིམ་སློབ་མའི་སློབ་དེབ་བསྒྱུར་ནས་ཧོང་ཀོང་ཡོངས་སུ་བོད་དང་ཤར་ཏིར་གི་སི་ཐན་ལྟ་བུར་སྒྱུར་བཞིན་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།
