ཧོང་ཀོང་ཉེན་རྟོག་པའི་དབང་ཚད་ཆེ་རུ་བཏང་ཡོད་འདུག 

ཧོང་ཀོང་ནང་དུ་རྒྱ་ནག་གཞུང་གིས་བཙན་དབང་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལག་བསྟར་བྱེད་མགོ་བཙུགས་ཟིན་པ་དང་བསྟུན། ཉེན་རྟོག་པར་ཁྲིམས་ཁང་ནས་བཀའ་ཤོག་མེད་པར་སྒེར་གྱི་མཁར་དབང་ཐོག་སྔོག་བཤེར་དང་། རྒྱུ་ནོར་བེད་སྤྱོད་གཏོང་རྒྱུ་མེད་པ་བཟོ་བ། འབྲེལ་མཐུད་བཀག་འགོག དྲ་རྒྱ་སྟངས་འཛིན་སོགས་བྱེད་པའི་དབང་ཚད་ཐོབ་ཡོད་འདུག 

ཟླ་༧ པའི་ཚེས་༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༦ ཉིན་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་འཚོགས་རྗེས་སུ། གཞུང་འབྲེལ་ཐོག་ནས་རྩོད་རྙོག་ཅན་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ཞིབ་ཕྲ་གསལ་བསྒྲགས་སྤེལ་འདུག དེའི་ནང་ཉེན་རྟོག་དཔོན་གཞོན་པ་དང་དེ་ལས་མཐོ་བའི་གོ་གནས་ཡོད་མཁན་ཉེན་རྟོག་པ་ཚོས། ཁྲིམས་ཁང་གི་བཀའ་ཤོག་མེད་པར་ཛ་དྲག་གི་གནས་སྟངས་འོག སྒེར་གྱི་མཁར་དབང་སྔོག་བཤེར་བྱེད་པའི་ཆོག་མཆན་སྤྲོད་རྒྱུའི་དབང་ཚད་ཡོད་པ་རེད་འདུག དེ་བཞིན་བདེ་སྲུང་དྲུང་ཆེར་གང་ཟག་སྒེར་ཞིག་གི་མཁར་དབང་དང་རྒྱུ་ནོར་དེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་བའི་ནག་ཉེས་དང་འབྲེལ་བ་ཡོད་པ་མཐོང་ཚེ་དེ་དག་བེད་སྤྱོད་གཏོང་རྒྱུ་མེད་པ་བཟོ་བའི་དབང་ཚད་ཡོད་འདུག 

ཉེན་རྟོག་དཔོན་ལ་དྲ་ཐོག་ཏུ་གནས་ཚུལ་ཁྱབ་སྤེལ་གཏོང་མིན་སྟངས་འཛིན་བྱེད་པའི་དབང་ཚད་སྤྲད་ཡོད་པ་དང། དེ་ཡང་གལ་ཏེ་ཉེན་རྟོག་དཔོན་གྱིས་གནས་ཚུལ་དེས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་ནག་ཉེས་བསགས་སྲིད་པའི་དོགས་པ་བྱེད་འོས་པའི་རྒྱུ་མཚན་ཡོད་ཚེ། གནས་ཚུལ་ཁྱབ་སྤེལ་བྱེད་ཡུལ་དང་། དྲ་རྒྱ་འཇོག་ཡུལ་(hosting service provider ) སོགས་ནས་གནས་ཚུལ་ཕྱིར་འཐེན་བྱེད་དགོས་ཀྱི་ཡོད་འདུག གལ་ཏེ་ཉེན་རྟོག་པའི་བཀའ་ལ་མ་རྩིས་ཚེ། ལོ་གཅིག་གི་བཙོན་འཇུག་དང་ཧོང་ཀོང་སྒོར་འབུམ་གཅིག་གི་ཉེས་ཆད་འཕོག་སྲིད་པ་རེད་འདུག དེ་བཞིན་ཉེན་རྟོག་པར་དྲ་རྒྱ་འཇོག་ཡུལ་ཚོང་ལས་ཁང་དང་གནས་ཚུལ་ཁྱབ་སྤེལ་བྱེད་ཡུལ་སྤྱི་ཚོགས་དྲ་ལམ་མམ་བརྒྱུད་ལམ་ཁག་ནས། མི་སྒེར་གྱི་ངོས་འཛིན་གསལ་པོ་མཁོ་སྤྲོད་བྱེད་དགོས་ཀྱི་ཡོད་འདུག 

འོན་ཀྱང་ངོ་དེབ་ཚོང་ལས་ཁང་གིས་བདག་གཉེར་བྱེད་བཞིན་པའི་སྤྱི་ཚོགས་དྲ་ལམ་ངོ་དེབ་དང་འཕྲིན་ཐུང་མཉེན་ཆས་ཝ་ཚབ་གཉིས་ཀྱིས། ཧོང་ཀོང་གཞུང་དང་ཉེན་རྟོག་པ་ནས་བཀོལ་སྤྱོད་པ་མི་སྒེར་གྱི་གནས་ཚུལ་ཞིབ་ཕྲ་མཁོ་སྤྲོད་ཀྱི་རེ་སྐུལ་གནས་སྐབས་རིང་ཁས་ལེན་བྱེད་རྒྱུ་མིན་པ་དང་། དེའི་རིང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་ཐད་དཔྱད་ཞིབ་བྱེད་རྒྱུ་ཡིན་སྐོར་བསྒྲགས་འདུག གྷུ་གྷེལ་འཚོལ་ཞིབ་མ་ལག་དང་སྤྱི་ཚོགས་དྲ་ལམ་ཊེའུ་ཊར་གཉིས་ཀྱིས་ཀྱང་དེ་ལྟར་བྱེད་རྒྱུ་གསལ་བསྒྲགས་སྤེལ་འདུག དྲ་ཐོག་ཐོབ་ཐང་ཚོགས་པ་ཞིག་གིས་ཚོང་ལས་དེ་དག་གི་ཐག་གཅོད་དེ་ནི་དྲ་ཐོག་གསང་རྒྱ་དང་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱལ་ཁ་གལ་ཆེན་ཞིག་ཡིན་ཡང་། མ་འོངས་པར་རྒྱ་ནག་སྐམ་ས་ཆེན་མོ་ནང་བཞིན་ཧོང་ཀོང་ནང་དུ་ཡང་ཚོང་ལས་ཁང་དེ་དག་གི་མཉེན་ཆས་བཀག་སྡོམ་བྱེད་པའི་ཉེན་ཁ་ཡོད་སྐོར་བརྗོད་འདུག 

ཧོང་ཀོང་ནང་དུ་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་དང་འབྲེལ་ནས། ཕྱི་རྒྱལ་གསར་འགོད་པའི་མཐུན་ཚོགས་ནས་ཧོང་ཀོང་གི་སྤྱི་ཁྱབ་དཔོན་ལ། གསར་འགོད་པའི་རང་དབང་སྤྲོད་རྒྱུ་ཡིན་པ་འགན་ལེན་བྱེད་རྒྱུ་ཡིན་མིན་སྐོར་དྲིས་སྐབས། མོས་གལ་ཏེ་གསར་འགོད་པ་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་འགལ་བའི་ནག་ཉེས་གང་ཡང་མི་བྱེད་པའི་འགན་ལེན་བྱས་ཚེ། གསར་འགོད་རང་དབང་སྤྲོད་རྒྱུ་འགན་ལེན་བྱེད་རྒྱུ་ཡིན་སྐོར་ལན་འདེབས་བྱས་འདུག་པས། ཧོང་ཀོང་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོས། སྤྱི་ཁྱབ་དཔོན་གྱི་ལན་འདེབས་དེ་ལས། གསར་འགོད་རང་དབང་སྲུང་སྐྱོབ་བྱེད་རྒྱུ་མིན་པའི་རྣམ་པ་བསྟན་ཡོད་པ་དང་། གསར་འགོད་པ་ཚོར་གནས་ཚུལ་ཁག་ཅིག་ཕྱིར་འཐེན་བྱེད་དགོས་པའི་གནོན་ཤུགས་ཚོར་སྲིད་སྐོར་བརྗོད་འདུག 

དེ་བཞིན་ཧོང་ཀོང་གཞུང་གི་ཤེས་ཡོན་ལས་དོན་ཁང་གིས། སློབ་གྲྭ་རྣམས་ཀྱིས་སློབ་དེབ་རྣམས་བསྐྱར་ཞིབ་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་འགལ་བའི་དེབ་ཡོད་པ་རྣམས་ཕྱིར་འཐེན་བྱེད་དགོས་པའི་བཀའ་བཏང་ཡོད་འདུག 

རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་དེ་ལ་བརྟེན་ནས་ཧོང་ཀོང་ནང་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་མེད་པ་ཆགས་ཡོད་པར་ངོས་འཛིན་བྱེད་མཁན་མང་པོ་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།