ཧོང་ཀོང་དུ་རྒྱ་ནག་གིས་བདེ་འཇགས་ཁྲིམས་ཞེས་པ་གཏན་འབེབས་བྱས་པར་ངོ་རྒོལ་ཡོད།
ཟླ་འདིའི་ཚེས་༤ ཉིན་དྷ་ས་མེག་གྷན་ཁྲོམ་གཞུང་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཧོང་ཀོང་དུ་རྒྱ་ནག་གིས་བདེ་འཇགས་ཁྲིམས་གཏན་འབེབས་དང་ལག་བསྟར་བྱེད་འགོ་བཙུགས་པ་དེ། རང་དབང་དང་མང་གཙོར་ཉེན་ཁ་ཆེན་པོ་ཆགས་ཀྱི་ཡོད་པས་ངོ་རྒོལ་ལས་འགུལ་སྤེལ་ཏེ། ཁྲིམས་ཡིག་དེ་མེར་སྲེག་བཏང་ཡོད་པ་རེད།
ཧོང་ཀོང་ནང་མང་གཙོ་དང་རང་དབང་གི་ལས་འགུལ་སྤེལ་ཏེ། རྒྱ་ནག་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་པའི་སྐབས་འདིར། རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཞེས་པ་གཏན་འབེབས་བྱས་པའི་ནང་། ཁྱོན་ལེའུ་༦ དང་། དོན་ཚན་༦༦ ཡོད་པ་དང་། དེའི་ནང་རྒྱལ་ཁབ་ཁ་བྲལ་གཏོང་བ་དང་། རྒྱལ་ཁབ་སྲིད་དབང་མགོ་རྟིང་སློག་པ། འཇིགས་སྐུལ་བྱེད་སྒོ་སྤེལ་བ། ཕྱི་རྒྱལ་དང་ངན་འབྲེལ་བྱེད་པའམ་ཕྱི་ལོགས་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་བདེ་འཇགས་ལ་ཉེན་ཁ་བཟོ་བ་བཅས་འཁོད་ཡོད་པས། རང་དབང་མང་གཙོའི་ལས་འགུལ་ལ་འགོག་རྐྱེན་ཆེན་པོ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་གྱིས། “ད་ཐེངས་ལས་འགུལ་སྤེལ་དགོས་དོན་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཏན་འབེབས་བྱས་པ་དང་། ད་ལྟ་ལག་བསྟར་བྱས་ཏེ་རང་དབང་ལས་འགུལ་བ་མང་པོ་འཇུ་བཟུང་བཀག་ཉར་བྱས་ཡོད་པ་རེད། ཁྲིམས་དེ་ཉེན་ཁ་ཆེན་པོ་ཡིན་པས་ང་ཚོས་ངོས་ལེན་མེད་ལ། ཧ་ཚོ་ཧོང་ཀོང་མཉམ་དུ་ཡོད་ཟེར་གྱི་ཡོད། རྒྱ་ནག་གཞུང་གི་ཁྲིམས་དེ་ཧོང་ཀོང་ཙམ་མ་ཟད། རྒྱ་ནག་གི་འོག་ཏུ་ཡོད་པའི་རྒྱལ་ཁབ་བོད་དང་ཡུ་གུར། ལྷོ་སོག་པོ་སོགས་རང་དབང་འཐབ་རྩོད་པ་ཚང་མར་ཉེན་ཁ་ཡོད་པས། ང་ཚོས་ངོ་རྒོལ་བྱེད་ཀྱི་ཡོད་”ཅེས་བརྗོད་སོང་།
བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ཀྱིས། “རྒྱ་ནག་གིས་ཧོང་ཀོང་མེད་པ་བཟོ་ཐབས་ཀྱི་ཁྲིམས་རེད། ཡིན་ཡང་ཧོང་ཀོང་མེད་པ་ཆགས་ཀྱི་མ་རེད། ཧོང་ཀོང་མི་མང་གི་རེ་བ་མང་གཙོ་དང་རང་དབང་རེད། རྒྱ་ནག་གཞུང་གི་མི་གཅིག་དབང་འཛིན་པ་ཧོང་ཀོང་ལ་ཞེད་སྣང་སྐྱེས་ནས་ཁྲིམས་དེ་བཟོས་རེད། དེ་འཛམ་གླིང་ལ་མངོན་གསལ་རེད། སྔོན་མ་བོད་པ་ཡིན་ན་སྔོན་མ་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་བོད་པ་ལ་བྱུང་ན་ཞེས་རྨི་ལམ་ནང་བཞིན་བཤད་བསྡད་ཡོད་པ་རེད། དེ་འགྲོ་ས་མེད་པ་མངོན་གསལ་དོད་པོ་དང་། རྒྱ་ནག་གི་ད་ལྟའི་ཞི་ཅིན་ཕེན་གྱིས་སྣེ་ཁྲིད་པའི་འགོ་ཁྲིད་ཚོར་ཁོ་རང་ཚོས་དབང་ཆ་འཛིན་པ་ལས། མང་གཙོ་དང་རང་དབང་གི་བསམ་བློ་དང་། རང་སྲིད་རང་སྐྱོང་གི་བསམ་བློ་ཞིག་མེད་པ་གསལ་པོ་རེད། བོད་པ་ཚོས་མུ་མཐུད་རང་བཙན་རྩོད་དགོས་པ་ལས་འགྲོ་ས་ཞིག་མི་འདུག་”ཅེས་གསུངས་སོང་།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱལ་མཚན་གྱིས། “རྒྱ་ནག་གིས་ཁྲིམས་དེ་ལག་བསྟར་བྱས་ཏེ། ཁྲིམས་དེ་དང་འགལ་སོང་ཞེས་མི་མང་པོ་འཇུས་ཡོད་རེད། ཁྲིམས་དེས་མི་མང་གི་བདེ་འཇགས་ལ་གཏོར་བརླག་གཏོང་བ་དང་། རྒྱ་ནག་དབང་འཛིན་པའི་གཞུང་མཁྲེགས་འཛིན་ཆེད་མི་མང་གི་མང་གཙོ་བདེ་སྡུག་གཏོར་བརླག་གཏོང་གི་ཡོད་པས། ཁྲིམས་ཡིག་དེ་མེར་སྲེག་གི་ངོ་རྒོལ་ལས་འགུལ་སྤེལ་གྱི་ཡོད་”ཅེས་གསུངས་སོང་།
གསར་འགོད་པ་ཆོས་ཉིད་འོད་ཟེར།