ཧོང་ཀོང་ནང་རྒྱ་ནག་ཝུ་ཀིན་གྲོང་གསེབ་ཀྱི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར།

ཧོང་ཀོང་ནང་མི་མང་ཚོས་རྒྱ་ནག་ཝུ་ཀན་གྱི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་བྱས་པར། རྒྱ་ནག་ཉེན་རྟོག་པས་དེ་བྱེད་མི་ཆོག་པའི་ཉེན་བརྡའི་ཡི་གེ་བཏང་ཡོད་འདུག

14459731_241293989605997_1803498770_nདེ་ཡང་ཟླ་འདིའི་ཕྱི་ཚེས་༢༣ ཉིན་ཧོང་ཀོང་རང་དབང་གསར་ལམ་དུ་གནས་ཚུལ་འཁོད་གསལ་ལྟར་ན། རྒྱ་ནག་མང་གཙོ་རུ་སྒྱུར་བར་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན། ཧོང་ཀོང་མཐུན་ཕྱོགས་རྒྱལ་འབྲེལ་(Hong Kong Alliance)གྱི་གོ་སྒྲིག་འོག ངལ་རྩོལ་ཚོགས་པ་(Labour Party)དང་། སྤྱི་ཚོགས་མང་གཙོ་མཐུན་ཚོགས་(League of Social Democrats) བཅས་མཉམ་འབྲེལ་བྱས་ཏེ། ཟླ་འདིའི་ཕྱི་ཚེས་༡༤ ཉིན་མི་༣༢ ཀྱིས། རྒྱ་ནག་ཝུ་ཀན་གྱི་གྲོང་གསེབ་པ་རྣམས་ལ་རྒྱ་གཞུང་གིས་དྲག་གནོན་བྱེད་པར་ངོ་རྒོལ་དང་། གྲོང་གསེབ་པ་རྣམས་ལ་རྒྱབ་སྐྱོར་དུ། ཧོང་ཀོང་ནུབ་ཕྱོགས་ཀྱི་ཉེན་རྟོག་རུ་ཁག་གི་ས་གནས་ཤིག་ནས་ཡུལ་དེའི་རྒྱ་ནག་འབྲེལ་མཐུད་ཀྱི་ལས་ཁུངས་བར། ལག་ཏུ་ཡིག་ཐུང་བཟུང་ནས་གོམ་བགྲོད་ཀྱིས་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་འདུག

ལས་འགུལ་ནང་ངོ་རྒོལ་བ་༣༣ ཡོད་ཀྱང་། རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ཉེན་རྟོག་པ་ཚོས་ལས་འགུལ་མ་སྤེལ་གོང་དུ་ཉེན་བརྡའི་ཡི་གེ་ཞིག་བཏང་བའི་ནང་འཁོད་དོན་དུ། རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་བར་ཉུང་མཐའ་ཡང་མི་༣༠ ཡོད་དགོས་པ་ལས། ལས་འགུལ་སྤེལ་མི་ཆོག་ཅེས་བྲིས་ཡོད་འདུག་པ་མ་ཟད། ལས་འགུལ་དེ་སྤེལ་བར་ངེས་པར་དུ་ཉེན་རྟོག་པའི་ལག་ནས་བཀག་རྒྱ་མེད་པའི་ངོས་ལེན་ཡི་གེ་ཞིག་དགོས་པ་ལས། རང་དགར་ལས་འགུལ་སྤེལ་བ་དེ་ཁྲིམས་འགལ་ཡིན་ལུགས་ཀྱི་རྒྱུ་མཚན་མང་པོ་ཞིག་དངོས་སུ་ཕན་ཚུན་གདོང་ཐུག་བྱུང་སྐབས་ཀྱང་བཤད་ཡོད་འདུག

ཕྱི་ལོ་༡༩༩༧ ལོར་ཧོང་ཀོང་རྒྱ་ནག་གི་དབང་འོག་ཏུ་ཚུད་པ་ནས་བཟུང་། རྒྱ་གཞུང་གིས་མི་མང་ལ་བཀའ་རྒྱ་ཞིག་བསྒྲགས་ཡོད་པའི་ནང་། རྔམ་སྟོན་ཁྲོམ་སྐོར་བྱེད་པར་ཉུང་མཐའ་ཡང་མི་༣༠ ཡོད་དགོས་པ་དང་། དེ་བཞིན་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་མ་སྤེལ་གོང་གི་ཉིན་བདུན་གྱི་སྔོན་ནས་ངེས་པར་དུ་ཉེན་རྟོག་པའི་ལག་ནས་བཀག་རྒྱ་མེད་པའི་དགོངས་འཁྲོལ་ཐོབ་དགོས་པའི་ཁྲིམས་བཟོས་ཡོད་འདུག་ཀྱང་། ཧོང་ཀོང་མཐུན་ཕྱོགས་རྒྱལ་འབྲེལ་གྱི་གྲགས་ཅན་མི་སྣ། ཆིའུ་ཡན་(Chiu Yan)གྱིས་ཧོང་ཀོང་མཐུན་ཕྱོགས་རྒྱལ་འབྲེལ་ནི། ཕྱི་ལོ་༡༩༨༩ ལོར་གནམ་སྡེ་སྒོ་མོ་ཐང་ཆེན་དུ་ངོ་རྒོལ་གྱི་དོན་རྐྱེན་བྱུང་བ་ནས་བཙུགས་པ་ཞིག་ཡིན་པ་དང་། ཁོང་ཚོས་ལས་འགུལ་ཆུང་ཙག་ཅིག་སྤེལ་བར་ཉེན་རྟོག་པས་བཀག་འགོག་མི་བྱེད་རྒྱུར་འབད་བརྩོན་བྱེད་ཀྱི་མེད་ཅེས་བརྗོད་ཡོད་འདུག མ་ཟད་རང་བཙན་ཕྱོགས་གཏོགས་ཚོས། ཕྱི་ལོ་༡༩༩༥ ལོར་གུ་ཡངས་ཅན་གྱི་ཁྲིམས་བཟོ་ལྷན་ཚོགས་ཀྱིས་མི་མང་གི་རང་དབང་ལ་བཀག་རྒྱ་བྱེད་པའི་ཁྲིམས་དེ་ཕྱིར་འཐེན་བྱས་ཟིན་ཡང་། ཕྱི་ལོ་༡༩༩༦ལོར་རྒྱ་གཞུང་གིས་བཙུགས་པའི་ཁྲིམས་བཟོ་ལྷན་ཚོགས་ཀྱིས་ཕྱི་ལོ་༡༩༩༧ ལོར་བསྐྱར་དུ་ཁྲིམས་དེ་སླར་གསོ་བྱས་ནས། མི་མང་གི་རང་དབང་དང་། འདུ་འཛོམས་བཅས་ལ་བཤུ་གཞོག་བྱེད་བཞིན་ཡོད་པའི་སྐྱོན་བརྗོད་བྱས་དང་བྱེད་མུས་ཡིན་འདུག
གསར་འགོད་པ་བཀྲ་ཤིས་དོན་གྲུབ།