ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་འཆར་གསར་པ་ཞེས་པ་ཞིག་ལག་བསྟར་བྱ་འཆར།

Aljazeera གསར་ཁང་གི་པར།

ཕྱི་ལོ་༡༩༩༧ ཟླ་བ་༧ ཚེས་༡ ཉིན་གྱི་མཚན་མོར་ཧོང་ཀོང་དེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་སྲིད་བྱུས་འོག་ནས་དབྱིན་ཡུལ་གྱིས་ཕྱིར་རྒྱ་ནག་ལ་སྤྲད་ཡོད་འདུག་པ་དང་། སྐབས་དེར་རྒྱ་ནག་གིས་འབྱུང་འགྱུར་ལོ་༥༠ རིང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་སྲིད་བྱུས་ཀྱི་འོག་རང་དབང་དང་དམངས་གཙོ་སོགས་སྲུང་སྐྱོབ་བྱེད་རྒྱུ་ཁས་ལེན་བྱས་ཡོད་ཀྱང་། ཕྱི་ལོ་༢༠༢༠ ལོར་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་ཟེར་བ་ཞིག་བཟོས་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་དེ་མིང་ཙམ་ལས་དོན་དངོས་ཐོག་མེད་པ་བཟོས། ད་ཆར་ཁྲིམས་ལུགས་རིམ་པ་གསར་པ་ཞིག་བཟོས་ནས་ཧོང་ཀོང་ནང་གི་རང་དབང་སྔར་ལས་ཇེ་སྡུག་ཏུ་འགྱུར་རྒྱུ་ཡིན་འདུག 

ཕྱི་ཚེས་༨ ཉིན་(Aljazeera)ཟེར་བའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཧོང་ཀོང་གི་ཁྲིམས་བཟོ་ལྷན་ཁང་(Legislative Council)་གིས་གྲོས་ཚོགས་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་འཆར་གསར་པ་ཞེས་པ་ཞིག་ངོ་སྤྲོད་བྱས་ཡོད་འདུག་པ་དང་། ཚོགས་གཙོ་(John Lee)ཟེར་བ་དེ་ཡིས་ཁྲིམས་འཆར་དེ་གང་མགྱོགས་ཁྲིམས་བཟོ་ཐུབ་རྒྱུ་གལ་ཆེན་པོ་ཡིན་པར་བརྗོད་འདུག ཤོག་གྲངས་༢༡༢ ཅན་གྱི་ཁྲིམས་འཆར་དེ་ནི་དེ་རིང་ཞོགས་པའི་ཆུ་ཚོད་༡༡ ཙམ་ལ་ངོ་སྤྲོད་བྱས་ཡོད་འདུག་ལ།  ཁྲིམས་འཆར་གསར་པ་དེའི་ནང་རྒྱལ་ཁབ་ལ་རྒྱབ་གཏོད་བྱེད་པ་དང་། སོ་ཉུལ་བྱེད་པ། ཕྱི་ཕྱོགས་དང་ངན་འབྲེལ་བྱེད་པ། རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བའི་གནད་དོན་རྐུ་མ་རྒྱག་པ་སོགས་བྱས་ཚེ་ཁྲིམས་ཆད་གཏོང་ཕྱོགས་དང་། གང་ཟག་སུ་ཞིག་གིས་རྒྱལ་ཁབ་ལ་ངོ་ལོག་བྱས་པ་ཡིན་ན་ཚེ་བཙོན་གྱི་ཁྲིམས་ཆད་ཕོག་རྒྱུ་འཁོད་ཡོད་འདུག་ལ། རྒྱལ་ཁབ་ཀྱི་གསང་བ་ཕྱི་ཕྱོགས་སུ་སྤྲད་ཚེ་ལོ་༡༠་ནས་༢༠་བར་བཙོན་ཁང་འཇུག་རྒྱུ། དེ་བཞིན་ཕྱི་ཕྱོགས་ཀྱི་མི་དང་རྒྱལ་ཁབ་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་རིགས་སྤེལ་ཚེ། ལོ་དེ་ལས་མང་བ་བཙོན་ཁང་ནང་འཇུག་རྒྱུ་ཡིན་པར་བརྗོད་ཡོད་འདུག ད་དུང་རྒྱ་ནག་དམར་ཤོག་གཞུང་དང་དམར་ཤོག་གཞུང་གི་ལས་དོན་ལ་འགོག་རྐྱེན་བཟོས་ཚེ་ལོ་༢་ནས་༧ བར་བཙོན་ཁང་ནས་འཇུག་རྒྱུ་དང་། གལ་སྲིད་ཉེས་ཅན་པ་ཞིག་འཛིན་བཟུང་བྱས་ཡོད་ཚེ། ཁྲིམས་ཐག་དངོས་སུ་མ་བཅད་སྔོན་ཉེན་རྟོག་པས་བདུན་ཕྲག་གཉིས་རིང་དྲི་རྩད་བྱེད་ཆོག་པ་བཅས་བཀོད་ཡོད་འདུག ཚོགས་གཙོ་(John Lee)ཟེར་བ་དེ་ཡིས་ཁྲིམས་འཆར་དེ་གང་མགྱོགས་ཁྲིམས་བཟོས་ནས་ཧོང་ཀོང་མངའ་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་དགོས་པ་དང་ཉིན་གཅིག་ཡིན་ཡང་སྔ་རུ་གཏོང་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་བརྗོད་ཡོད་འདུག་ལ། དེ་བཞིན་[Special Administrative Region]དམིགས་བསལ་གྱི་འཛིན་སྐྱོང་ཡིན་པའི་ཧོང་ཀོང་མངའ་ཁུལ་དེ། མ་འོངས་པར་སྔར་ལས་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་ལ་འབད་དགོས་པ་དང་། ཧོང་ཀོང་མི་མང་གི་འཚོ་བ་དང་མི་མང་གི་བདེ་འཇགས་བརྟན་བརླིང་ཡོང་ཐབས་བྱེད་དགོས་པར་བརྗོད་ཡོད་འདུག རྒྱ་ནག་གཞུང་གིས་བརྗོད་དོན་ལ་ཁྲིམས་འཆར་དེ་བཟོས་པའི་རྒྱུད་རིམ་ཁྲོད་མི་མང་༡༣༡༤༧ ཙམ་རྒྱབ་སྐྱོར་གྱི་བསམ་འཆར་རྗོད་མཁན་བྱུང་ཡོད་ཚུལ་དང་། དེ་ལ་བརྟེན་ནས་མི་མང་བརྒྱ་ཆ་༩༨་༦ ཙམ་གྱིས་འདོད་མོས་ཡོད་པའི་རྣམ་པ་མངོན་སོང་ཞེས་དང་། ཧོང་ཀོང་ནང་མི་འབོར་ས་ཡ་༧ ཡོད་པའི་ཁྲོད་ནས་མི་མང་གིས་བདམས་པའི་འཐུས་མི་ཁྱོན་༣༠༠༠ ཙམ་དང་ལྷན་དུ་གོ་བསྡུར་བྱས་ཡོད་ཚུལ་ཡང་བརྗོད་འདུག 

ཕྱི་ལོ་༢༠༢༡ ལོའི་ཧོང་ཀོང་གི་འོས་བསྡུའི་ལམ་ལུགས་བསྒྱུར་བཅོས་བཏང་རྗེས་རྒྱ་ནག་ལ་དགའ་ཞེན་ཡོད་པའི་འཐུས་མི་རྣམས་ལ་འོས་མང་ཤོས་ཐོབ་ཡོད་ཚུལ་བརྗོད་ཡོད་འདུག་ཀྱང་། མི་མང་གིས་ཐད་ཀར་འོས་བསྡུའི་ལམ་ནས་འདེམས་དགོས་པའི་འཐུས་མི་མང་པོ་ཞིག་མེད་པ་བཟོས་ཡོད་འདུག་ལ། ཕྱོགས་འགལ་ཚོགས་པའི་འཐུས་མི་གཅིག་ཀྱང་ཡོད་མི་འདུག ཕྱི་ལོ་༢༠༢༠ ལོར་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་ཟེར་བ་ཞིག་ལས་བསྟར་བྱེད་འགོ་བཙུགས་ནས་ཧོང་ཀོང་གི་མི་མང་ཁྲི་ཚོ་མང་པོས་ངོ་རྒོལ་བྱས་ཡོད་ཀྱང་། ཕན་འབྲས་མ་བྱུང་ནས་རྒྱ་ནག་གཞུང་གིས་མི་མང་ཐོག་དྲག་རྒོལ་ཚབས་ཆེན་བྱས་ཡོད་འདུག མི་མང་ཁྲོད་རང་དབང་དང་དམངས་གཙོ་ལ་དགའ་མོས་ཡོད་མཁན་སྟོང་ཚོ་མང་པོ་ཞིག་བཙོན་ལ་བཅུག་པ་དང་། ཚེ་བཙོན་ཁྲིམས་ཆད་ཕོག་པ། ཡང་མང་པོ་ཞིག་ཕྱི་ཕྱོགས་སུ་སྐྱབས་བཅོལ་དུ་འབྲོ་དགོས་བྱུང་བ་སོགས་ཀྱི་དཀའ་ངལ་དུ་མ་ཞིག་འཕྲད་བཞིན་ཡོད་འདུག ད་དུང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་ཟེར་བ་དེའི་འོག་ནས་ཧོང་ཀོང་ནང་ཡོད་པའི་ཀུ་ཤུ་ཉིན་རེའི་གསར་ཁང་གི་གཙོ་འཛིན་(Jimmy Lai)ཟེར་བ་ཁོང་དང་གཞན་མི་སྣ་གལ་ཆེན་རིགས་མང་པོ་ཞིག་འཛིན་བཟུང་བཀག་ཉར་དང་། ལས་ཁུངས་སྒོ་བརྒྱབས་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།