ཧོང་ཀོང་ལས་འགུལ་བ་ཁག་ཅིག་ལ་འབར་རྫས་འགད་གཏོར་གྱི་འཆར་གཞི་འཐེན་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་འདུག 

ཧོང་ཀོང་ཉེན་རྟོག་པས་མང་གཙོའི་ལས་འགུལ་བའི་ཚོགས་པ་ཞིག་གི་ཚོགས་མི་༩ ཡིས། གྲོང་ཁྱེར་དེའི་ནང་གི་ས་འོག་རྒྱ་ལམ་དང་ཁྲིམས་ཁང་། མེ་འཁོར་ལྕགས་ལམ་སོགས་ལ་འབར་རྫས་ཀྱི་དྲག་རྒོལ་སྤེལ་བའི་འཆར་གཞི་འཐེན་ཡོད་པའི་ཉེས་འཛུགས་ཀྱིས་འཛིན་བཟུང་བྱས་འདུག་པ་དང་། ཉེན་རྟོག་པས་བརྗོད་དོན་ལྟར་ན་ཚོགས་པ་དེས་ཧོང་ཀོང་གི་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད་འདུག 

ཟླ་༧ པའི་ཚེས་༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༧ པའི་ཚེས་༥ ཉིན་ཧོང་ཀོང་ཉེན་རྟོག་པས་མང་གཙོའི་ལས་འགུལ་ཚོགས་པ་(Returning Valiant)ཞེས་པ་དེའི་ཚོགས་མི་དགུ་འཛིན་བཟུང་བྱས་ཡོད་འདུག་པ་དང་། དེ་དང་མཉམ་དུ་འབར་རྫས་བཟོ་ཆེད་ཀྱི་རྒྱུ་ཆ་དང་ལག་ཆ ཧོང་ཀོང་དང་ཨ་རིའི་དངུལ་སོགས་མང་པོ་ཞིག་ལག་སོན་བྱུང་ཡོད་པ་རེད་འདུག 

དེ་ཡང་འཛིན་བཟུང་བྱུང་བ་རྣམས་ལོ་ན་༡༥ ནས་༣༩ བར་ཡིན་འདུག་པ་དང་། དེའི་ནང་ནས་མི་༦ ནི་འབྲིང་རིམ་སློབ་གྲྭའི་སློབ་མ་ཡིན་ཁར། མི་གཞན་ཞིག་ནི་གཙུག་ལག་སློབ་གཉེར་ཁང་ཞིག་གི་འཛིན་སྐྱོང་ལས་བྱེད་ཡིན་འདུག 

དེ་ཡང་ཉེན་རྟོག་པས་བརྗོད་དོན་ལྟར་ན། ཁོ་ཚོར་ལས་འགུལ་བ་དེ་དག་གི་བྱ་འགུལ་དེབ་ཆུང་ལག་སོན་བྱུང་ཡོད་པ་དང་། དེའི་ནང་དུ་ཁོ་ཚོས་ཧོང་ཀོང་ནང་གི་ཁྲིམས་ཁང་དང་། མེ་འཁོར་ལྕགས་ལམ། ས་འོག་རྒྱ་ལམ་། གད་སྣོད་སོགས་ལ་འབར་རྫས་འགད་གཏོར་བྱ་རྒྱུའི་འཆར་གཞི་འཐེན་ཡོད་པ་རེད་འདུག ཁོ་ཚོས་བཟོ་འཆར་ཡོད་པའི་འབར་རྫས་དེ་ནི་དེ་སྔོན་ཧྥ་རན་སི་དང་སྦེལ་ཇེམ་ལ་འཇིགས་སྐུལ་རིང་ལུགས་པའི་བེད་སྤྱོད་བྱས་པའི་འབར་རྫས་དེ་ཡིན་འདུག 

ཧོང་ཀོང་གི་སྤྱི་ཁྱབ་དཔོན་ལྕམ་ཁཱེ་རི་ལམ་གྱིས་མི་མང་གིས་དྲག་པོའི་འཇིགས་སྐུལ་དེ་རིགས་ལ་ངོས་ལེན་བྱེད་མི་རུང་བ་དང་། མོའི་ཡིག་ཚང་ལ་ཡང་ཐལ་བ་དཀར་པོ་ལྡན་པའི་ཡིག་སྐོགས་ཤིག་བསྐུར་སྐོར་བརྗོད་འདུག ཉེན་རྟོག་པས་ཡིག་སྐོགས་དེར་ཞིབ་འཇུག་བྱེད་བཞིན་ཡོད་འདུག 

ཉེན་རྟོག་པས་བརྗོད་དོན་ལྟར་ན། འབར་རྫས་ཀྱི་དྲག་རྒོལ་བྱ་འགུལ་གྲུབ་རྗེས་ལས་འགུལ་བ་ཁོ་ཚོ་ཚང་མ་ཧོང་ཀོང་ནས་གཏན་དུ་བྲོས་འགྲོ་འཆར་ཡོད་པ་རེད་འདུག 

ཕྱི་ལོ་༢༠༡༩ ལོ་ནས་བཟུང་ཧོང་ཀོང་ཉེན་རྟོག་པས་འབར་རྫས་ཀྱི་དྲག་རྒོལ་འཆར་གཞི་འཐེན་ཡོད་པའི་ཉེས་འཛུགས་འོག མི་གྲངས་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།