ཧོང་ཀོང་ལས་འགུལ་བས་སྐྱོན་འཛུགས་ཁས་ལེན་བྱས་འདུག 

ཧོང་ཀོང་གི་མང་གཙོའི་ལས་འགུལ་བའི་ན་གཞོན་འགོ་ཁྲིད་ཇཱོ་ཤེ་ཝ་ཝོང་གིས། ཁྲིམས་འགལ་འདུ་འཛོམས་བརྒྱུད་སྐུལ་དང་མཉམ་ཞུགས་བྱས་པའི་སྐྱོན་འཛུགས་ཁས་ལེན་བྱས་འདུག་པ་དང་། ཁོང་དང་ལས་འགུལ་བ་གཞན་གཉིས་ལ་བཙོན་འཇུག་ཁྲིམས་ཆད་ལོ་༣ བཅད་སྲིད་པ་རེད་འདུག 

ཟླ་༡༡ པའི་ཚེས་༢༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཧོང་ཀོང་གཞུང་གི་ཁྲིམས་རྩོད་པས་མང་གཙོའི་ལས་འགུལ་བ་(Joshua Wong, Ivan Lam, Agnes Chow) བཅས་ལ། ལོ་སྔོན་མའི་ཟླ་༦ པའི་ནང་ཁྲིམས་འགལ་གྱི་འདུ་འཛོམས་བརྒྱུད་སྐུལ་དང་མཉམ་ཞུགས་བྱས་པར་ཉེས་འཛུགས་ཀྱིས་ཁྲིམས་གཏུག་བྱས་ཡོད་པ་དང་། འདི་ལོའི་ཟླ་༧ པའི་ནང་ལས་འགུལ་བ་(Agnes Chow) ཡིས་ཁྲིམས་ཁང་དུ་ཉེས་འཛུགས་རྣམས་ཁས་ལེན་བྱས་ཟིན་འདུག་པ་དང་། ཐེངས་འདིར་ལས་འགུལ་བ་གཞན་གཉིས་ཀྱིས་སོ་སོའི་ཁྲིམས་རྩོད་པ་དང་གྲོས་སྡུར་དང་། ཁོང་གཉིས་ཐོག་གཞུང་གི་ཁྲིམས་རྩོད་པར་ཡོད་པའི་དཔང་རྟགས་རྣམས་ལ་ལྟ་ཞིབ་བྱས་རྗེས། ཉེས་འཛུགས་དེ་དག་ཁས་ལེན་བྱས་ཡོད་པ་རེད་འདུག 

དེ་ཡང་ལོ་སྔོན་མའི་ཟླ་དྲུག་པའི་ནང་ལས་འགུལ་བ་སྟོང་ཕྲག་མང་པོས་དབུས་ཉེན་རྟོག་ཁང་མཐའ་སྐོར་བྱས་ནས། འཛིན་བཟུང་བྱས་པའི་ལས་འགུལ་བ་རྣམས་གློད་གྲོལ་དགོས་པའི་ངོ་རྒོལ་སྐད་འབོད་བྱ་སར་ཡོད་པ་རེད་འདུག 

ལས་འགུལ་བ་གསུམ་པོ་ཡིས་བྱ་སྤྱོད་དེ་ལོ་སྔོན་མའི་ཟླ་༦ པའི་ནང་སྤེལ་བ་ཡིན་པས། སྐབས་དེར་རྒྱ་ནག་གཞུང་གིས་བཙན་དབང་ཐོག་ནས་ཧོང་ཀོང་ནང་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལག་བསྟར་བྱེད་རྒྱུ་ཡིན་པས། ཁོང་གསུམ་པོར་ལོ་༥ ཡི་བཙོན་འཇུག་ཁྲིམས་ཆད་འཕོག་སྲིད་པ་ལས། རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལྟར་ཚེ་བཙོན་ཉེས་པ་གཏོང་རྒྱུ་ཁག་པོ་ཡིན་འདུག 

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་ཐོག་ཉམས་ཞིབ་པ་རྒན་པ་མཱ་ཡཱ་ཝང་གིས།  ལས་འགུལ་བ་གསུམ་པོས་ནོར་འཁྲུལ་གང་ཡང་བྱས་མེད་པས། ཧོང་ཀོང་གཞུང་གིས་ཉེས་འཛུགས་དེ་དག་ལམ་སེང་ཕྱིར་འཐེན་བྱེད་དགོས་པ་དང་། སྤྱི་དམངས་བརྟན་ལྷིང་ཁྲིམས་ཐོག་ནས་ཉེས་འཛུགས་བྱེད་བཞིན་པ་དེ་ཡིས། སྨྲ་བརྗོད་རང་དབང་དང་ཞི་བའི་འདུ་འཛོམས་ལ་བཀག་སྡོམ་ཚབས་ཆེན་བྱེད་ཀྱི་ཡོད་སྐོར་བརྗོད་འདུག 

ལས་འགུལ་བ་ཇཱོ་ཤེ་ཝ་ཝང་ནི་རྒྱལ་སྤྱིའི་ནང་མང་གཙོའི་ལས་འགུལ་བ་སྐད་གྲགས་ཅན་ཞིག་ཡིན་པ་དང་། ཕྱི་ལོ་༢༠༡༤ ལོར་ཧོང་ཀོང་ནང་ཉི་གདུག་གི་མང་གཙོའི་ལས་འགུལ་ཆེན་མོ་སྐབས་སུ་ན་གཞོན་འགོ་ཁྲིད་པ་ཞིག་ཡིན་པ་རེད། དེ་ལ་བརྟེན་ནས་བཙོན་ཁང་ནང་དུ་ཡང་འགྲོ་མྱོང་ཡོད་པ་རེད། ཟླ་༦ པའི་ཚེས་༣༠ ཉིན་རྒྱ་ནག་གིས་ཧོང་ཀོང་ནང་དུ་བཙན་དབང་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་གཏན་འབེབས་བྱས་རྗེས། ཧོང་ཀོང་གི་མང་གཙོ་ལས་འགུལ་བའི་ན་གཞོན་འགོ་ཁྲིད་དང་མང་གཙོ་དོན་གཉེར་བའི་སྲིད་དོན་ཚོགས་པ་(Demosisto) གསར་འཛུགས་བྱེད་མཁན་ཁོངས་སུ་ཡོད་པའི་ལས་འགུལ་བ་Joshua Wong, Nathan Law, Jeffrey Ngo and Agnes Chow བཅས་ཀྱིས། སྲིད་དོན་ཚོགས་པ་དེ་ནས་རྩ་དགོངས་ཞུ་རྒྱུའི་གསལ་བསྒྲགས་ངོ་དེབ་ཐོག་ཏུ་བྱས་ཡོད་འདུག སྲིད་དོན་ཚོགས་པ་དེ་ཕྱི་ལོ་༢༠༡༦ ལོར་གསར་འཛུགས་ཀྱིས་གྲོས་ཚོགས་འོས་བསྡུའི་ནང་མང་གཙོ་དོན་གཉེར་བའི་འོས་མི་འདོན་རྒྱུ་བྱས་ཡོད་ཀྱང་། འོས་བསྡུ་ལས་ཁང་གིས་སྲིད་དོན་ཚོགས་པ་དེའི་རང་ཐག་རང་གཅོད་ཀྱི་ལངས་ཕྱོགས་ཐེར་འདོན་གྱིས། སྲིད་དོན་ཚོགས་པ་དེའི་ཚོགས་མི་རྣམས་འོས་འགྲན་བྱས་བཅུག་མེད་པ་རེད་འདུག 

ལས་འགུལ་བ་ཇཱོ་ཤེ་ཝ་ཝོང་གིས་ཁོང་གསུམ་པོས་མུ་མཐུད་ནས་རང་དབང་ཆེད་དུ་འཐབ་རྩོད་བྱེད་རྒྱུ་ཡིན་པ་དང་། ད་ལྟ་ནི་རྒྱ་ནག་ལ་མགོ་སྒུར་བའི་དུས་ཚོད་ནམ་ཡང་མིན་སྐོར་བརྗོད་འདུག ཟླ་༡༢ པའི་ཚེས་༢ བར་ཁོང་གསུམ་བཀག་ཉར་བྱེད་རྒྱུ་ཡིན་འདུག་པ་དང་། ཉིན་དེར་ཁྲིམས་ཐག་བཅད་རྒྱུ་ཡིན་པ་རེད་འདུག 

དེང་གི་ཆར་ཧོང་ཀོང་ནང་འགྲོ་བ་མིའི་ཐོབ་ཐང་རྣམས་རིམ་བཞིན་མིང་ཙམ་ཆགས་འགྲོ་ཡི་ཡོད་པ་དང་། ལས་འགུལ་བ་དང་དཔྱད་བརྗོད་པ་ཚོས་ཧོང་ཀོང་དེ་རྒྱ་ནག་གི་གྲོང་ཁྱེར་གཞན་དང་གཅིག་མཚུངས་སུ་ཆགས་ཀྱི་ཡོད་པའི་ཉེན་བརྡ་གཏོང་བཞིན་ཡོད་ཁར། རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་དང་ཧོང་ཀོང་གཞུང་ལ་སྐྱོན་བརྗོད་དང་འབྲེལ་ཡོད་དཔོན་རིགས་ཁག་ཅིག་ལ་དཔལ་འབྱོར་ཉེས་ཆད་འདྲ་གཏོང་གི་ཡོད་པ་རེད་དེ། དབང་ཆ་དངོས་སུ་འཛིན་མཁན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལྟ་བུར་དཔལ་འབྱོར་ཉེས་ཆད་སོགས་གཏོང་གི་མེད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།