ཧོན་ཌུ་རཱ་སེའི་སྲིད་འཛིན་དམ་འབུལ་ལ་ཐའེ་ཝན་གྱི་སྲིད་འཛིན་གཞོན་པ་སླེབས་འདུག
རྒྱལ་སྤྱིའི་ནང་རྒྱ་ནག་གིས་ཐའེ་ཝན་དང་གཞུང་འབྲེལ་གྱི་འབྲེལ་ལམ་ཡོད་མཁན་རྒྱལ་ཁབ་རྣམས་ལ་གནོན་ཤུགས་དང་སྤྲེལ་ལད་ཐོག་ནས་ཚུར་འགུག་ཐབས་བྱེད་བཞིན་པའི་སྐབས་དེར། ཉེ་ཆར་ཧོན་ཌུ་རཱ་སེའི་བུད་མེད་སྲིད་འཛིན་ཐོག་མར་གྱི་དམ་འབུལ་མཛད་སྒོར་ཐའེ་ཝན་གྱི་སྲིད་འཛིན་གཞོན་པ་སླེབས་ཡོད་པ་རེད་འདུག
དེ་ཡང་ཟླ་༡ པོའི་ཚེས་༢༨ ཉིན་ཧོན་ཌུ་རཱསེ་(Honduras) རྒྱལ་ཁབ་ཀྱི་བུད་མེད་སྲིད་འཛིན་ཐོག་མ་ལྕམ་ཤཱིའོ་མཱ་རཱ་ཁཱསེ་ཀྲེརཱོ་(Xiomara Castro) ཡི་ལས་ཁུར་དམ་འབུལ་ཞུས་འདུག་པ་དང་། མཛད་སྒོའི་སྐབས་སུ་སྐུ་མགྲོན་དུ་ཨ་རིའི་སྲིད་འཛིན་གཞོན་པ་ལྕམ་ཀཱ་མཱ་ལཱ་ཧཱེ་རི་སེ་དང་། སཱེ་པན་གྱི་རྒྱལ་པོ་ཧྥེ་ལཱི་པེ་དྲུག་པ། དེ་བཞིན་ཐའེ་ཝན་གྱི་སྲིད་འཛིན་གཞོན་པ་ཝི་ལེམ་ལཱེ་(William Lai)སོགས་སླེབས་ཡོད་པ་རེད་འདུག
ལོ་སྔོན་མའི་ཟླ་༡༡ པའི་ནང་ཧོན་ཌུ་རཱསེ་ནང་དུ་སྲིད་འཛིན་གྱི་འོས་བསྡུ་བྱས་ཡོད་པ་དང་། འོས་བསྡུའི་གྲུབ་དོན་དུ་རང་དབང་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཤཱིའོ་མཱ་རཱ་ཁཱསེ་ཀྲེརཱོ་ལ་འོས་གྲངས་ཀྱི་བརྒྱ་ཆ་༥༡ དང་འོས་ཤོག་གྲངས་ས་ཡ་༡.༧ ཐོབ་ནས་རྒྱལ་ཁ་ཐོབ་ཡོད་པ་རེད། ཁོང་ལ་ཐོབ་པའི་འོས་གྲངས་དེ་ནི་རྒྱལ་ཁབ་དེའི་ལོ་རྒྱུས་ནང་སྲིད་འཛིན་འོས་མི་ཞིག་ལ་འོས་གྲངས་མང་ཤོས་ཐོབ་པ་ཆགས་འདུག
སྐབས་སྔོན་མའི་གཞུང་འཛིན་སྲིད་དོན་ཚོགས་པ་(National Party) ཡིས་ད་བར་ལོ་ངོ་༡༢ ཡི་རིང་རྒྱལ་ཁབ་དེའི་སྲིད་དབང་བཟུང་ཡོད་པ་དང་། དུས་སྐབས་དེའི་རིང་ལྐོག་ཟ་རུལ་སུངས་དང་སྨྱོ་རྫས་དང་འབྲེལ་བའི་དྲག་སྤྱོད། དཔལ་འབྱོར་ཉམས་རྒུད་སོགས་ཀྱི་རྐྱེན་པས་མི་མང་ཕོན་ཆེན་ཨ་རིར་གནས་སྤོ་འགྲོ་བཞིན་ཡོད་པས། ཐེངས་འདིར་སྲིད་གཞུང་གསར་པ་དེར་མི་མང་གིས་རེ་བ་བཟང་པོ་རྒྱག་བཞིན་ཡོད་འདུག
སྲིད་འཛིན་གསར་པ་ལྕམ་ཤཱིའོ་མཱ་རཱ་ཁཱསེ་ཀྲེརཱོ་ཡི་ཁྱོ་གས་དེ་སྔོན་ཕྱི་ལོ་༢༠༠༦ ནས་༢༠༠༩ བར་སྲིད་འཛིན་བྱས་འདུག་ཀྱང་། ༢༠༠༩ ལོར་སྲིད་དབང་བཙན་འཕྲོག་བྱས་ཏེ་ཁོང་ལས་གནས་ནས་ཕྱིར་འབུད་བཏང་ཡོད་འདུག
དེ་སྔོན་འོས་བསྡུའི་རྒྱལ་ཁ་བླངས་པའི་རྗེས་སུ་ལྕམ་ཁོང་གིས་རྒྱལ་ཁབ་དེ་སྨྱོ་རྫས་ཀྱི་དབང་ཆ་གཅིག་སྡུད་དང་ལྐོག་ཟ་རུལ་སུངས་ཀྱི་མཚོ་གཏིང་ནས་ཕྱིར་འདོན་རྒྱུ་ཡིན་པའི་ཁས་ལེན་བྱས་འདུག དེ་ཡང་སྐབས་སྔོན་མའི་སྲིད་འཛིན་གྱི་བུ་སྤུན་ཞིག་ཨ་རིས་སྨྱོ་རྫས་ཁྲིམས་འགལ་ཐོག་ནས་འོར་འདྲེན་དང་ཚོང་འགྲེམ་བྱས་པའི་ཉེས་འཛུགས་འོག་བཙོན་འཇུག་བྱས་ཡོད་པས། མི་མང་ཚོས་སྲིད་འཛིན་ཁོང་ཡང་ཁྲིམས་འགལ་གྱི་ལས་དོན་དང་འབྲེལ་བ་ཡོད་པའི་དོགས་པ་བྱེད་བཞིན་འདུག
ལྕམ་ཁོང་ཐོག་མར་འོས་འགྲན་སྐབས་སུ་གལ་ཏེ་རྒྱལ་ཁ་ཐོབ་ཚེ་རྒྱ་ནག་དང་འབྲེལ་ལམ་གསར་འཛུགས་ཀྱིས་ཐའེ་ཝན་དང་འབྲེལ་ལམ་བཅད་རྒྱུ་ཡིན་སྐོར་བརྗོད་ཀྱང་། རྗེས་སུ་ཨ་རི་དང་ཕྱི་ནང་གི་གནོན་ཤུགས་སོགས་ལ་བརྟེན་ནས་སྐད་ཆ་དེ་མུ་མཐུད་ནས་བཤད་མེད་ཁར་ལག་བསྟར་བྱས་མེད་འདུག་པས། ཐེངས་འདིར་དམ་འབུམ་མཛད་སྒོར་ཐའེ་ཝན་གྱི་སྲིད་འཛིན་གཞོན་པ་སྐུ་མགྲོན་དུ་སྐད་བཏང་འདུག
ཐའེ་ཝན་གྱི་སྲིད་འཛིན་གཞོན་པ་ཁོང་གིས་ཧོན་ཌུ་རཱ་སེར་སླེབས་པའི་སྐབས་སུ། རྒྱལ་ཁབ་དེར་ཏོག་དབྱིབས་ནད་དུག་འཐབ་རྒོལ་ལ་ཕན་པའི་ཅ་དངོས་མང་པོ་ཞིག་འཁྱེར་ཡོད་འདུག་པ་དང་། ཁོང་གིས་ཐེངས་འདིའི་ལས་དོན་ལ་བརྟེན་ནས་ཐའེ་ཝན་ལ་རྒྱལ་སྤྱིའི་ཚོགས་སྡེ་རྣམས་ལ་རོགས་པ་བྱེད་པའི་ནུས་པ་ཡོད་པ། ཐའེ་ཝན་ནི་ཡིད་ཆེས་བྱེད་འོས་པའི་གྲོགས་པོ་ཡིན་པ་སྟོན་ཐུབ་རྒྱུ་ཡིན་སྐོར་བརྗོད་འདུག
ད་ལྟའི་ཆར་རྒྱལ་སྤྱིའི་ནང་ཐའེ་ཝན་དང་གཞུང་འབྲེལ་གྱི་འབྲེལ་ལམ་ཡོད་མཁན་རྒྱལ་ཁབ་༡༤ ལས་མེད་འདུག་པ་དང་། དེ་དག་མང་ཆེ་བ་ནི་སྟོབས་ཆུང་རྒྱལ་ཁབ་ཤ་སྟག་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
