ཧྥ་རན་སི་ཧ་ཝར་ཌི་ཚོགས་པས་དཀའ་ངལ་ལ་གདོང་ལེན་བྱས་ནས་སྲིད་ཟུར་གྱི་གཏམ་བཤད་གོ་སྒྲིག་བྱས་འདུག
ཧྥ་རན་སི་ཧ་ཝར་ཌི་ཚོགས་པས་སྲིད་ཟུར་བློ་བཟང་སེང་གེ་གདན་དྲངས་ནས་གཏམ་བཤད་ཀྱི་གོ་སྒྲིག་ཞུས་ཡོད་ན་ཡང་། ཕྱི་ནང་གྱི་ཆབ་སྲིད་ཀྱི་དབང་གིས་ཧྥ་རན་སིར་འདུ་འཛོམས་བྱེད་སའི་ས་གནས་མ་རག་པའི་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་མ་ཟད། འགའ་ཤས་ཀྱིས་གོ་སྒྲིག་བྱེད་མི་རུང་བའི་སྐུལ་བ་ཡང་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ལོ་༢༠༢༥ ཟླ་༡༠ ཚེས་༡༥ ཉིན། ཧྥ་རན་སི་ཧ་ཝར་ཌི་ཚོགས་པའི་གོ་སྒྲིག་འོག སྲིད་ཟུར་བློ་བཟང་སེང་གེ་མཆོག་གིས་གཞོན་སྐྱེས་གཙོ་བོར་གྱུར་པའི་བོད་མི་ཁག་ཅིག་དང་། ཤེས་ཡོན་ཅན་བརྒྱ་སྐོར་ཞིག་ལ་བཙན་བྱོལ་ནང་གི་མང་གཙོ་ཞེས་པའི་བརྗོད་གཞི་ཐོག་གཏམ་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་འདུག
གཏམ་བཤད་གོ་སྒྲིག་ཞུ་མཁན་དང་ཧྥ་རན་སི་ཧ་ཝར་ཌི་ཚོགས་པའི་ཚོགས་མི་(Stephanie Mareva Failloux)ཟེར་བ་ཞིག་གིས་ཁོང་ཉིད་ཀྱི་ངོ་དེབ་སྟེང་། ཁ་སང་དགོང་མོ་མི་བརྒྱ་སྐོར་ཞིག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཟུར་དང་ཧ་ཝར་ཌི་སློབ་ཆེན་གྱི་ཁྲིམས་ལུགས་རིག་པའི་འབུམ་རམས་པ་བློ་བཟང་སེང་གེ་དང་ལྷན། གསང་བའི་ས་གནས་ཤིག་ཏུ་ལྷན་འཛོམས་བྱུང་སོང་ཞེས་དང་།
ཁོང་གིས་གཏམ་བཤད་གོ་སྒྲིག་ལ་དཀའ་ངལ་འཕྲད་པའི་སྐོར་བརྗོད་དོན། ཟླ་བ་དྲུག་ཙམ་གྱི་སྔོན་དུ། ཁོང་ཚོ་འགའ་ཤས་ཤིག་ཉིན་གུང་ཞལ་ལག་ཅིག་གི་སྐབས་སུ་སྲིད་ཟུར་དང་ཐུག་འཕྲད་ཀྱི་གོ་སྐབས་བྱུང་ཡོད་པ་དང་། སྐབས་དེར་སྲིད་ཟུར་གྱི་ལོ་རྒྱུས་དང་། ནག་བསུབ་གཏོང་བཞིན་པའི་གནས་སྟངས་འོག ཁོང་གི་རིག་གཞུང་སོགས་སྲུང་སྐྱོབ་བྱེད་རྒྱུའི་འགྱུར་བ་མེད་ཀྱི་དམ་བཅའ། དེ་བཞིན་ཁོང་གི་དབུ་ཁྲིད་ཅིག་གི་མིག་རྒྱང་བཅས་ཀྱིས་ཡིད་དབང་འཕྲོག་སོང་ཞེས་དང་། རྗེས་སུ་སྲིད་ཟུར་མཆོག་གིས་ཁོང་རྣམས་ཀྱི་གདན་ཞུ་ཁས་ལེན་བྱས་པར་ཧ་ཅང་དགའ་པོ་བྱུང་ཡང་། ཁ་སང་གི་གཏམ་བཤད་གོ་སྒྲིག་བྱེད་རྒྱུ་ནི་གདོང་ལེན་བྱེད་དགོས་པའི་དཀའ་ངལ་ཆེ་ཤོས་གྲས་ཤིག་ཆགས་སོང་ཞེས་དང་། ཁོང་རྣམས་ཀྱིས་ཟླ་བ་མང་པོའི་རིང་འབད་བརྩོན་བྱས་པ་མ་ལྟོས་པར། གཏམ་བཤད་གོ་སྒྲིག་བྱེད་བཅུག་འདོད་ཡོད་པའི་ལྟེ་གནས་དང་། ཀམ་པ་ནི། ཡང་ན་སློབ་གྲྭ་གཅིག་ཀྱང་མ་རྙེད་པ། མཐར་མཇུག་དེར་ལོ་རྒྱུས་རང་བཞིན་ལྡན་ཞིང་ཆོས་ལུགས་ཀྱི་ས་གནས་ཤིག་རྙེད་སོང་ཞེས་དང་།
ཁ་སང་གི་ཉམས་མྱོང་དེས་ཁོང་ཚོའི་བློ་སྒོ་ཕྱེ་ནས་རྒྱ་ནག་གི་འཇམ་པོའི་སྟོབས་ཤུགས་ཀྱི་ནུས་པ་ཤེས་སུ་བཅུག་སོང་པ་མ་ཟད། སྐད་ཆ་བཤད་རྒྱུ་ལ་སྐྲག་པ་དང་། ཡར་ལངས་རྒྱུ་ལ་འཇིགས་པ་སོགས། ཁུ་སིམ་དང་ཁྱབ་གདལ་ཆེ་བའི་འཇིགས་ཞུམ་གྱི་ནུས་པ་དེ་ཡང་ཤེས་རྟོགས་བྱུང་ཡོད་པ་དང། ལྷག་པར་དུ་ཁོང་ཚོ་ལ་གཏམ་བཤད་གོ་སྒྲིག་བྱེད་རྒྱུ་བཞག་ཞོག་ཅེས་སྐུལ་མ་བྱེད་མཁན་བྱུང་ཡང་། ཁོང་རྣམས་ཀྱིས་མཚམས་འཇོག་བྱས་མེད་ཅེས་བརྗོད་འདུག
ཁོང་གིས་ད་དུང་། འབུམ་རམས་པ་བློ་བཟང་སེང་གེས་ཁོང་ཚོ་ལ་སྲིད་ཟུར་མཆོག་ནི་ནུས་པ་དང་བློ་རིག་བཀྲ་བའི་ཆབ་སྲིད་ཀྱི་འགོ་ཁྲིད་ཅིག་ཡིན་པ་མ་ཟད། དགེ་རྒན་ཞིག་ཀྱང་ཡིན་པ་སྐུལ་མ་གནང་ཡོད་པ་དང་། སྲིད་ཟུར་གྱི་བཀའ་མོལ་ལ་ནུས་པ་ཆེ་ཞིང་། སེམས་འགུལ་ཐེབས་པ། ད་ལྟའི་འཛམ་གླིང་འདིར་ཧ་ཅང་གནད་འགག་ཆེ་བ་ཞིག་རེད་ཅེས་དང་། གཏམ་བཤད་སྐབས་བོད་མི་མང་པོ་ཕེབས་ཡོད་པ་དང་། ལྷག་པར་དུ་སློབ་གྲྭ་འབྲིང་བཞིན་པའི་བུ་མོ་གཞོན་སྐྱེས་ཚོའི་སྙིང་སྟོབས་དང་། ཡིད་ཆེས་དེ་ཡིས་རེ་བ་དང་མདུན་སྐྱོད་མཚོན་པ་སོགས་ཁོང་ལ་སེམས་འགུལ་ཐེབས་བྱུང་སོགས་བརྗོད་འདུག
གོང་གསལ་གནས་ཚུལ་དང་འབྲེལ། སྲིད་ཟུར་བློ་བཟང་སེང་གེ་མཆོག་གིས་ཁོང་ཉིད་ཀྱི་ངོ་དེབ་སྟེང་། དོན་དངོས་ཐོག(Stephanie) ལགས་ནི་དངོས་གནས་སྙིང་སྟོབས་ཆེ་ཞིང་། ཆོད་སེམས་བརྟན་པོ་ཡོད་པ་ཞིག་རེད། གཞན་གྱིས་ཐེངས་མང་ཁས་མ་བླངས་པ་དང་ཕྱི་ནང་གི་གནོན་ཤུགས་ཆེ་ན་ཡང་། ཁོང་གིས་མུ་མཐུད་ཨུ་ཚུགས་ཀྱིས་འབད་བརྩོན་གནང་སྟེ་འདི་ལྟར་བོད་དོན་གླེང་སློང་བྱེད་པའི་གླེང་སྟེགས་ཤིག་བསྐྲུན་ཐུབ་པ་ནི་ཡི་རངས་དང་བསྔགས་བརྗོད་འོས་པ་ཞིག་ཡིན་པ་མ་ཟད། ཁོང་ནི་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ནང་ཞུགས་པའི་ཚོགས་མི་ཞིག་ཀྱང་ཆགས་ཟིན་པ་རེད། ཧ་ཝར་ཌི་(Harvard)མཐོ་སློབ་ཀྱི་སློབ་ཟུར་ཚོགས་པས་ང་ལ་སྣེ་ལེན་གནང་པ་དང་། བོད་དོན་འཐབ་རྩོད་ལ་དོ་སྣང་དང་རྒྱབ་སྐྱོར་གནང་པ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་གནང་མཁན་མང་པོ་ལས་རིམ་འདིའི་ནང་ཆ་ཤས་ལེན་པར་སླར་ཡང་ཐུགས་རྗེ་ཆེ་ཞུ་ཞེས་སྤེལ་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།

 
							