ཧྥ་རན་སིའི་གྲོས་ཚོགས་འཐུས་མི་ཟུར་པ་ཞིག་གཤེགས་པར་མྱ་ངན་གུས་འདུད།
སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་ཧྥ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་བོད་དོན་ལ་རྒྱབ་སྐྱོར་ཆེན་པོ་གནང་མཁན་ཞིག་ཉེ་ཆར་སྐུ་གཤེགས་པར་མྱ་ངན་གུས་འདུད་ནང་མི་རྣམས་ལ་ཐུགས་གསོ་གནང་འདུག

ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༢༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པ་ལྟར་ན། ཧྥ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཇེན་ཧྥ་རན་སྭ་ ཧུམ་བྷ་ཊི་(Jean François Humbert)སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་འདུག་པ་དང་། ཕྱི་ལོ་༢༠༢༥ ཟླ་བ་༡༡ ཚེས་༢༥ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། དམ་པ་ཁོང་གི་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོ་ཞུས་གནང་འདུག
དེ་ཡང་དམ་པ་ཁོང་གི་སྐུ་ཟླ་ལྕམ་སྐུ་ཨེཀ་ནི་སི་ཧུམ་བྷར་ཌི་(Agnes humberd)ལ་ཕུལ་བའི་ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། སྐུ་ཉིད་ཀྱི་སྐུ་ཟླ་སྐུ་ཞབས་ཧྥ་རན་སྭ་ཧུམ་བྷར་ཌི་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་འཕྲལ་ཤིན་ཏུ་བློ་ཕམ་བྱུང་། དམ་པ་ཁོང་ནི་སྐུ་ཚེ་ཧྲིལ་པོར་བོད་ཀྱི་བདེན་པའི་རྩ་དོན་དང་། བོད་མིར་རྒྱབ་སྐྱོར་གནང་མཁན་གྱི་བོད་པའི་གྲོགས་པོ་བློས་ཐུབ་ཅིག་ཡིན། ཁོང་སྐུ་གཤེགས་པ་དེས། བདེན་པ་དང་། འཚེ་མེད་ཞི་བ། འགྲོ་བ་མིའི་ཆེ་མཐོང་བཅས་ལ་གུས་བརྩི་ཞུ་མཁན་ཡོངས་ལ་གྱོང་གུད་ཆེན་པོ་ཞིག་ཆགས་ཡོད།
སྐུ་ཞབས་ཧྥ་རན་སྭ་ཧུམ་བྷར་ཌི་ཡིས་ཧྥ་རན་སི་གྲོས་ཚོགས་གོང་མའི་ནང་བོད་དོན་སྐོར་བསྟུད་མར་གླེང་སློང་དང་། ཡུ་རོབ་སྤྱི་མཐུན་ཚོགས་པའི་ཐོག་ནས་རྩ་དོན་གཞིར་བཞག་ལངས་ཕྱོགས་བརྟན་པོ་བཟུང་བའི་ཐོག་ནས་རྒྱ་ནག་དང་འབྲེལ་བ་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་མ་ཟད། ཡུ་རོབ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་སྐོར་གསུང་མཁན་གྲས་ཡིན།
གྲོས་ཚོགས་སུ་ཕྱག་ལས་གནང་བའི་རིང་། བོད་ནང་རྒྱ་དམར་གཞུང་གིས་བོད་མིའི་རིག་གཞུང་རྩ་བརླག་གཏོང་བཞིན་པའི་གནས་སྟངས་སྐོར་གླེང་སློང་དང་། བཞུགས་སྒར་དྷ་རམ་ས་ལར་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་སྣེ་ཁྲིད་གནང་བ། རྒྱ་དམར་གཞུང་གིས་བོད་ནང་རིག་གཞུང་རྩ་མེད་བཏང་དང་གཏོང་བཞིན་པར་ཡོངས་གྲགས་སྐྱོན་བརྗོད་བཅས་གནང་ཡོད་པ་རེད།
གཞན་ཡང་དམ་པ་ཁོང་གིས་བོད་དོན་ཐོག་རྒྱལ་སྤྱིའི་གནས་ཚུལ་ཚོགས་ཆུང་ (International Information Group on Tibet) ཞེས་པའི་ཚོགས་གཞོན་དང་། ཕྱི་ལོ་༢༠༠༩ ནས་༢༠༡༣ བར་ཚོགས་གཙོ་བཅས་གནང་བ་དེས་བོད་དོན་ཐོག་ཕྱག་ལས་ཤུགས་ཆེ་གནང་བ་མཚོན་ཐུབ། ལྷག་པར་དུ་ཕྱི་ལོ་༢༠༡༦ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཧྥ་རན་སིའི་གྲོས་ཚོགས་གོང་མའི་ནང་གཞུང་འབྲེལ་ཆིབས་བསྒྱུར་མཛད་སྐབས་ཁོང་གིས་མཐུན་འགྱུར་ཞུས་པ་རྣམས་ང་ཚོས་རྟག་ཏུ་དྲན་ངེས་ཡིན།
དམ་པ་ཁོང་སྐུ་གཤེགས་པ་དེས། ཧྥ་རན་སི་རྒྱལ་ཁབ་དང་། འཛམ་གླིང་མི་མང་ལ་མཚོན་ན། འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ། འགྲོ་བ་མིའི་ཆེ་མཐོང་སྲུང་སྐྱོབ་ཐོག་སྐུ་ངལ་བསྐྱོན་མཁན་གྱི་དབུ་ཁྲིད་གཅིག་མེད་པ་ཆགས་ཡོད། འོན་ཀྱང་ཁོང་གི་མཛད་རྗེས་དག་གིས་མུ་མཐུད་སེམས་ཤུགས་འཕར་ངེས་ཡིན།
ངས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཁྱེད་ནང་མི་ལྷན་རྒྱས་དང་། ཁོང་གི་གྲོགས་པོ་དང་། ཁོང་ལ་གུས་བརྩི་ཞུ་མཁན་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་དང་། དཀའ་ཚེགས་ཆེ་བའི་དུས་སྐབས་འདིར་ང་ཚོ་ཚང་མ་ཁྱེད་རྣམས་དང་ལྷན་དུ་ཡོད་ཅེས་འཁོད་འདུག།
གསར་འགོར་པ། བསོད་ནམས་ཕུན་ཚོགས།
