ཧྥ་རན་སིར་ཏོག་ནད་སྔོན་འགོག་ཆེད་དུ་འཕྲོད་བསྟེན་ལག་ཁྱེར་ངོ་སྤྲོད་བྱེད་རྒྱུ་རེད་འདུག 

ཡུ་རོབ་ནང་དུ་སླར་ཡང་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཆེན་པོ་འགྲོ་བཞིན་ཡོད་པ་དང་བསྟུན། ཧྥ་རན་སིའི་ནང་དུ་མི་མང་འཛོམས་ཡུལ་ས་ཚིགས་ཁག་ཏུ་བསྐྱོད་པར་ཏོག་ནད་མེད་པའམ་སྔོན་འགོག་བརྒྱབ་ཟིན་པ་སོགས་ཀྱི་དཔང་རྟགས་འཕྲོད་བསྟེན་ལག་ཁྱེར་ངོ་སྤྲོད་བྱེད་རྒྱུ་རེད་འདུག 

ཟླ་༧ པའི་ཚེས་༢༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། བདུན་ཕྲག་སྔོན་མར་ཧྥ་རན་སི་ནང་དུ་ཉིན་རེའི་ཏོག་ནད་གསར་དུ་ཕོག་མཁན་གྱི་ཁ་གྲངས་ནི་༧༠༠༠ ལས་ཉུང་བ་ཡིན་འདུག་ཀྱང་། ཉེ་ཆར་ཉིན་གྲངས་གཅིག་ནང་ཏོག་ནད་གསར་དུ་ཕོག་མཁན་གྱི་ཁ་གྲངས་༡༨༠༠༠ ཡིན་འདུག་པས། བརྒྱ་ཆ་༡༥༠ འཕར་ནས་ཏོག་ནད་ཁྱབ་གདལ་གྱི་གནས་སྟངས་ཛ་དྲག་ཆགས་ཀྱི་ཡོད་པ་མངོན་གསལ་ཆགས་པ་དང་བསྟུན། ཧྥ་རན་སིའི་འཕྲོད་བསྟེན་བློན་ཆེན་གྱིས་ཚེས་༢༡ ཉིན་ནས་འགྲེམས་སྟོན་ཁང་དང་གློག་བརྙན་ཁང་མང་ཆེ་བར་བསྐྱོད་ཆེད་དུ། མི་མང་ཚོས་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་པའམ། ཏོག་ནད་མེད་པའི་བརྟག་དཔྱད་གྲུབ་འབྲས། ཡང་ན་ཉེ་ཆར་ཏོག་ནད་ནས་དྲག་སྐྱེད་བྱུང་ཡོད་པའི་འཕྲོད་བསྟེན་ལག་ཁྱེར་སྟོན་དགོས་ཀྱི་ཡོད་པའི་གསལ་བསྒྲགས་བྱས་འདུག 

དེ་བཞིན་ཟླ་༨ པའི་ནང་ཇ་ཁང་དང་ཟ་ཁང་། ཚོང་ཁང་ཆེན་མོ་སོགས་ལ་འཛུལ་ཆེད་དུ་འཕྲོད་བསྟེན་ལག་ཁྱེར་དེ་རིགས་སྟོན་དགོས་མིན་ཐད། གྲོས་ཚོགས་ནང་དུ་བགྲོ་གླེང་བྱེད་རྒྱུ་ཡིན་འདུག་པས། གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མི་མང་གིས་གསོད་རྒྱུའི་སྡིགས་བསྐུལ་གྱིས་བཀག་སྡོམ་དེ་འདྲ་བྱེད་མི་རུང་སྐོར་བརྗོད་ཡོད་པ་རེད། 

དེང་གི་ཆར་ཡུ་རོབ་དང་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་ནང་། ཐོག་མར་རྒྱ་གར་ནང་དུ་ངོས་འཛིན་བྱས་པའི་ཏོག་དབྱིབས་ནད་དུག་གི་རིགས་(Delta) ཞེས་པ་དེ་ཁྱབ་གདལ་ཆེན་པོ་འགྲོ་བཞིན་ཡོད་འདུག ཧྥ་རན་སིའི་འཕྲོད་བསྟེན་བློན་ཆེན་གྱིས་ནད་དུག་གི་རིགས་དེ་ནི་རིགས་གཞན་དང་མི་འདྲ་བར་ཁྱབ་གདལ་ཆེན་པོ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག 

བསམ་ཚུལ་བསྡུ་ལེན་བརྒྱུད་ཧྥ་རན་སིར་སྔོན་འགོག་སྨན་ཁབ་རྒྱག་པར་ཐེ་ཚོམ་བྱེད་མཁན་མང་པོ་ཡོད་པའི་གྲུབ་དོན་ཐོན་འདུག་པ་དང་། ཟླ་འདིའི་འགོ་སྟོད་དུ་ཧྥ་རན་སིའི་སྲིད་འཛིན་མཱེར་ཁོན་གྱིས་འཕྲོད་བསྟེན་ལག་ཁྱེར་གྱི་འཆར་གཞི་ངོ་སྤྲོད་བྱས་སྐབས། ངོ་རྒོལ་བ་ཁག་ཅིག་གིས་སྔོན་འགོག་སྨན་ཁབ་ཀྱི་ས་ཚིགས་གཉིས་གཏོར་བཤིག་བཏང་ཡོད་པ་རེད།

ཧྥ་རན་སིའི་མི་མང་ཕལ་ཆེ་བས་འཕྲོད་བསྟེན་ལག་ཁྱེར་དེ་རིགས་ནི་འགྲོ་སྐྱོད་བཀག་སྡོམ་བསྐྱར་དུ་མི་ཡོང་ཆེད་དུ། ཐབས་ལམ་གཅིག་པུ་དེ་ཡིན་པར་ངོས་འཛིན་གྱིས་འཆར་གཞི་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།