ཧྥིན་ལན་ཌི་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་གསར་ཤོས་དེ་གྱུར་འདུག

ཧྥིན་ལན་ཌི་ནི་རྒྱལ་ཁབ་སུམ་ཅུ་ཡོད་པའི་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་གསར་ཤོས་དེ་ཆགས་ཡོད་པ་དང་། ད་ལྟའི་ཆར་ཨུ་རུ་སུ་དང་བྱང་ཆིངས་སྒྲིག་འཛུགས་ཀྱི་བར་ས་མཚམས་ལྡབ་གཅིག་ཆེ་རུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༥ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༤ ཉིན་ཧྥིན་ལན་ཌི་ནི་ཚོགས་མི་རྒྱལ་ཁབ་སུམ་ཅུ་ཡོད་པའི་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་གསར་ཤོས་དང་ཚོགས་མི་རྒྱལ་ཁབ་༣༡ པ་དེ་ཆགས་ཡོད་འདུག

ཧྤིན་ལན་ཌ་ནི་འདས་པའི་དུས་རབས་གཅིག་ལྷག་གི་རིང་མོ་སི་ཁའོ་(Moscow) ཡི་མངའ་འོག་ཏུ་བསྡད་ནས་མཐར་ཕྱི་ལོ་༡༩༡༧ ལོ་རང་བཙན་གྱི་རྒྱལ་ཁབ་གཅིག་ཏུ་འགྱུར་ཡོད་པ་དང་། དུས་དེ་ནས་ད་ལྟའི་བར་དུ་དམག་དོན་གྱི་མནའ་འབྲེལ་གང་དུ་ཡང་མཉམ་ཞུགས་མ་བྱས་པར་བསྡད་ཞིང་། ལྷག་པར་དུ་ཤར་ཕྱོགས་ཁྱིམ་མཚེས་རྒྱལ་ཁབ་དག་དང་རྒྱབ་འགལ་མི་འགྲོ་བའི་དོན་དུ་བྱང་ཆིངས་སྒྲིག་འཛུགས་ནང་དུ་མཉམ་ཞུགས་མ་བྱས་པར་བར་གནས་ཀྱི་རྒྱལ་ཁབ་ཅིག་གི་ངོ་བོའི་ཐོག་ནས་བསྡད་ཡོད། ཡིན་ན་ཡང་། ཕྱི་ལོ་༢༠༢༢ ལོ་ཨུ་རུ་སུས་སོ་སོའི་ཁྱིམ་མཚེས་རྒྱལ་ཁབ་ཡུག་རེན་ལ་བཙན་འཛུལ་བྱས་བར་བརྟེན། ཧྥིན་ལན་ཌ་དང་སི་ཝེས་ཌན་རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་དང་གཏན་ལྷིང་ལ་ཉེན་ཁ་འཕྲད་ཡོང་བསམ་པའི་ཞེད་སྣང་འོག ལོ་སྔོན་པའི་ཕྱི་ཟླ་༥ པའི་ནང་རྒྱལ་ཁབ་དེ་གཉིས་ཀྱིས་བྱང་ཆིངས་སྒྲིག་འཛུགས་ཀྱི་ནང་དུ་ཞུགས་རྒྱུའི་གསལ་བསྒྲགས་སྤེལ་ཡོད། སྐབས་དེར་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་མང་ཆེ་བས་ངོས་ལེན་བྱས་ན་ཡང་། ཧྥིན་ལན་ཌི་ཡིས་འཇིགས་སྐུལ་རིང་ལུགས་པ་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག་ཟེར་ནས་ཏུར་ཀི་རྒྱལ་ཁབ་ཀྱིས་དགག་བྱ་བྱས་ཀྱང་། ཕྱི་ཟླ་༣ ཚེས་༣༠ ཉིན་ཏུར་ཀི་ཡིས་བྱང་ཆིངས་སྒྲིག་འཛུགས་ནས་མཉམ་ཞུགས་བྱེད་རྒྱུའི་བཀའ་འཁྲོལ་སྤྲད་ཡོད། ཏུར་ཀི་དང་ཧང་གྷ་རི་རྒྱལ་ཁབ་གཉིས་ཀྱིས་རྒྱབ་སྐྱོར་དང་ཁས་ལེན་མ་བྱས་པའི་དབང་གིས་སི་ཝེས་ཌན་ད་དུང་ཡང་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་རུ་ཆགས་ཐུབ་མེད།

ཧྥིན་ལན་ཌ་ནི་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པ་དང་། ཕྱོགས་གཉིས་ཀྱི་བར་དུ་སྤྱི་ལེ་༡༣༠༠ ཡི་ས་མཚམས་འདྲེས་ཡོད་འདུག། ད་ནས་ཧྥིན་ལན་ཌི་དང་ཨུ་རུ་སུའི་ས་མཚམས་དེ་ནུབ་ཆིངས་དང་ཨུ་རུ་སུའི་ས་མཚམས་ཞིག་ཏུ་གྱུར། ཧྥིན་ལན་ཌི་སྒྲིག་འཛུགས་དེར་ཞུགས་པའི་རྗེས་སུ་ནུབ་ཆིངས་ཀྱིས་རང་གི་ཚོགས་མི་རྒྱལ་ཁབ་ལུ་ཐུ་ཝེ་ཎི་ཡ་དང་ཨེ་སི་ཊོ་ཎི་ཡ། ལཱ་ཊི་ཝི་ཡ་གསུམ་ལ་སྲུང་སྐྱོབ་བྱ་རྒྱུའི་ནུས་པ་ཆེ་རུ་ཕྱིན་ཡོད་འདུག་ལ། བྱང་ཆིངས་སྒྲིག་འཛུགས་དང་ཨུ་རུ་སུའི་བར་གྱི་ས་མཚམས་ཀྱི་རིང་ཐུང་དེ་ལྡབ་གཅིག་འཕར་འདུག་པས་ད་ནས་ཨུ་རུ་སུའི་བདེ་འཇགས་ལ་ཉེན་ཁ་ཇེ་ཆེ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།