ཨ་ཚོགས་ཀླུ་མཁར་བྱམས་རྒྱལ་སྤྱིའི་ཡུལ་ཤོར་བའི་གླེང་སྟེགས་སུ་མཉམ་ཞུགས་བྱས་འདུག
ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༡༡ ནས་ཉིན་གྲངས་གྲངས་གསུམ་གྱི་རིང་། ཞི་བདེ་རྒྱ་མཚོའི་ལྷོ་ནུབ་ཁུལ་གྱི་རྒྱལ་ཁབ་ནིའུ་ཛི་ལན་ཌིའི་ནང་ཡུལ་ཤོར་བའི་གླེང་སྟེགས་(OPF)ཞེས་པའི་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་ཨོ་གླིང་གནས་སྡོད་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཨ་ཚོགས་ཀླུ་མཁར་བྱམས་བོད་རང་བཙན་ལས་འགུལ་གྱི་འཐབ་རྩོད་པའི་མིང་ཐོག་ནས་མཉམ་ཞུགས་དང་། ཁོང་གིས་བོད་དོན་ངོ་སྤྲོད་བྱས་པའི་སྐོར། འདི་གའི་གསར་འགོད་པས་དྲ་ཐོག་ནས་ཀླུ་མཁར་བྱམས་ལ་དྲི་བ་ཞུས་པར། ཁོང་གིས་ཚོགས་འདུ་གོ་སྒྲིག་བྱེད་སྟངས་སོགས་དང་འབྲེལ་ནས། ད་རེས་ཀྱི་ཚོགས་འདུ་དེ་ནི་མགྲོན་ཁང་རྫིག་རེས་རྫིག་ཚད་ནང་འཚོགས་ཏེ། རྒྱས་ཟ་རྒྱས་འཐུང་བྱེད་པ་དེ་འདྲ་མ་ཡིན་པར། རྒྱལ་ཁབ་ཤོར་མཁན་མི་མང་གི་ལས་འགུལ་བ་ལབ་ན། དངོས་གནས་དེ་འདྲ་ཞིག་ཡིན་དགོས་ཚོད་རེད་ཨ་བསམ་བསམ། དམའ་སར་བསྡད་ནས་གནད་དོན་རང་གི་ཐོག་བགྲོ་གླེང་བྱས་པ་སོགས། ཚོགས་འདུར་ཞུགས་པར་སྐྱིད་པོ་འདྲ་བྱུང་སོང་ཞེས་དང་། གཞན་ཡང་ལས་འགུལ་བ་རྣམས་ཀྱི་འཇོན་ཐང་དང་། སེམས་ཤུགས། ཁོང་ཚོས་ལོག་སྤྱོད་དབང་སྒྱུར་བ་དག་ལ་མུ་མཐུད་ཁ་གཏད་བཅགས་པའི་རྣམ་དཔྱོད་བཅས་ལ་སེམས་པ་ཡང་ཤོར་སོང་ཞེས་ངོ་སྤྲོད་གནང་སོང་།

ཚོགས་འདུའི་ཐོག་ཏུ་བོད་དོན་གླེང་སློང་སོགས་ཀྱི་སྐོར་ལ། ཁོང་གིས་རྒྱ་དམར་གཞུང་གིས་བོད་རྒྱལ་ཁབ་ལ་བཙན་འཛུལ་བྱས་པའི་སྡིག་ཉེས་ལས་གཡོལ་ཆེད། དེང་སྐབས་ང་ཚོས་ཅིག་བཤད་བསྡད་པ་འདི་ལྷ་འདྲེ་འབའ་ཞིག་གམ། ཆོས་ཞེན་གྱི་ནད་ཚ་འདྲ་བོ་“ཏཱ་ལའི་བླ་མ་དང་ཁོའི་ཉེ་འཁོར་གྱི་མི་འགའི་གནད་དོན”ཞིག་ཡིན་སྐོར་བཤད་ནས། རྒྱལ་སྤྱིའི་ཐོག་མཐོང་ཕྱོགས་ཁ་བསྒྱུར་བྱེད་འཆར་ཡོད་ལ། ང་རང་ཚོས་འདི་ནས་ཀྱང་སྐུའི་ཡང་སྲིད་སྐོར་ཤུགས་ཆེན་པོ་བཤད་ཡོང་དུས། དེ་ནི་ཏག་ཏག་རྒྱ་ནག་ལ་དགོས་པ་དེ་ཆགས་ཡོད། སྤྱིར་ན་མིའི་རིགས་ཀྱིས་ཆོས་ཞེན་ནམ། ལྷ་འདྲེ་འབའ་ཞིག་གི་ཡག་སྡུག་བརྩད་ནས་ཡོང་བའི་ལོ་རྒྱུས་ལ་མི་རྣམས་ཡི་མུག་གཏིང་ནས་སྐྱེས་ཡོད་སྟབས། ངས་ང་ནི་རང་བཙན་རྩོད་མཁན་ཡིན་པ་ལས་ཆོས་ལུགས་དང་ལྷ་འདྲེ་ལ་འབྲེལ་བ་གང་ཡང་མེད། ང་མ་གཞི་ནས་ལྷ་མེད་སྨྲ་བ་ཡིན་ལབ་ཡོད་ཅེས་དང་།
རང་ཉིད་ཀྱི་སྲིད་དོན་ལྟ་གྲུབ་ནི་སྤྱི་ཚོགས་རིང་ལུགས་པ་ཡིན་སྐོར་བཤད་ཡོད་ལ། ང་ཚོའི་རང་བཙན་འཐབ་རྩོད་ནི་དཔོན་ངན་མ་རྩ་རིང་ལུགས་པ་ཚོའི་ལག་ཆ་མིན་པ་གང་ཞིག་ལ། མི་རིགས་རིང་ལུགས་ཀྱི་ཞེན་ཁོག་རྐྱང་བ་ཡང་མ་ཡིན་པར། རབ་བྱུང་ན་རྒྱལ་མཚམས་རིས་མེད་ཀྱི་མི་མང་ངམ་“འབྱོར་མེད་གྲལ་རིམ”གྱི་དཀའ་ངལ་དངོས་ལ་གདོང་གཏད་དགོས་ལ། ཉུང་མཐར་ང་རང་ལ་ཕུགས་བསམ་དེ་འདྲ་ཞིག་ཡིན་སྐོར་ཡང་བཤད་ཡོད། གོ་བརྡ་ག་ཚོད་ཅིག་འཕྲོད་ཡོད་མེད་ཤེས་མ་སོང་ཞེས་དང་།
གཞན་ཡང་། ཚོགས་ཐོག་དེར་ངས་རྒྱ་ནག་གི་སྐོར་ནས་ལས་བསྡོམས་སྙན་གསན་ཞུས་པའི་ནང་། རྒྱ་ནག་ཆེན་པོའི་རྒྱ་སྐྱེད་ལ་ཕྱོགས་གཉིས་ནས་འགྲེལ་བརྗོད་བྱས། དེ་ཡང་དབྱིན་ཡིག་བརྡ་སྐད་ཀྱི་དབང་དུ་བྱས་ན་(Peaceful Rise/Force coercion) ཚིག་འདི་གཉིས་ནང་བཅུག་ནས་ཞུས་ཡོད། བོད་ལ་རྒྱ་མིས་དྲག་པོས་བཙན་འཛུལ་བྱས་པ་ནས་བཟུང་དེ་རིང་གི་བར། རྒྱ་མིས་བཙོང་ན་ཚོང་ཟོག་གི་རིན་ཐང་ཡོད་པའི་བོད་ཀྱི་གཟུགས་ལྡན་རིག་གནས་ཀྱི་མགོར་“ཀྲུང་གོའི་བོད་ཀྱི***”ཟེར་བའི་མིང་བྱང་ཞིག་རྡོ་ཆག་བཙན་སྒྲིག་གིས་སྦྱར་ནས་མཐོང་རྒྱུ་ཡོད་པ་ལས། གཞན་བསམ་བློའི་ཤེས་རིག་སྟེ། བོད་ཀྱི་མི་གཤིས་དང་། བོད་ཀྱི་མཛེས་རྟོགས་ལྟ་བ་ཚང་མ་“ཀྲུང་གོ་ཅན་”ལ་བསྒྱུར་ཏེ། ཚད་ངེས་ཅན་ཞིག་ནས་བཤད་ན། དེང་གི་བོད་པའི་གཞོན་སྐྱེས་མང་པོ་ཞིག་གིས་སོ་སོ་བོད་པ་ཡིན་པ་དང་། ཕར་ཕྱོགས་རྒྱ་མི་ཡིན་པ་གཉིས་ཀྱི་ཤེས་རིག་ངོ་རྟགས་ཀྱང་ཁ་ཁར་ཤེས་ཀྱི་མེད་མོད། རྒྱ་ནག་གི་དབང་འཛིན་པ་ཚོའི་མགུ་ད་དུང་ཁེངས་ཀྱི་མེད། ཁོ་ཚོས་བོད་ཟེར་བ་འདི་མིང་གི་ལྷག་མར་མ་བཏང་གི་བར། ཉི་མ་གཅིག་ལ་ཡང་བསྐྱར་རོ་ལང་རྒྱག་གི་རེད་བསམས་ནས་བསྡད་ཡོད་སྟབས། དེ་ནི་གཞི་རིམ་ཀྱི་ངོས་འཛིན་ཡིན་ལ། ངོས་འཛིན་དེ་ལ་གཞིགས་ནས་རྒྱ་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་ཀྱི་ཨ་མ་ནི། ཅི་ལྟར་བྱས་ནས་བོད་ཟེར་བའི་རིགས་རྒྱུད་འདི་རྩ་རྫོགས་བྱ་རྒྱུ་དེ་ཡིན་ན། ད་ལྟའི་ཤར་ཏུར་ཀི་སི་ཐན་ནང་གི་སྡེབས་བཙོན་ཁང་དེ་ཡང་། སང་ཉིན་བོད་ཀྱི་གཟིམ་ཤག་ཡིན་པ་མ་ཟད། དེ་ལས་ཅུང་བྱེད་ཐབས་མཁས་པོ་ཞིག་ནི། བོད་རིགས་ན་གཞོན་རྣམས་རྒྱ་མིར་ཆང་ས་རྒྱག་རྒྱུར་གཞུང་གིས་སྐུལ་འདེད་བྱེད་བཞིན་ཡོད། སྲིད་བྱུས་འདི་གཉིས་ནི་རྒྱ་གཞུང་གིས་བོད་ནང་མངོན་མངོན་རྗེན་རྗེན་ལ་སྤེལ་བཞིན་ཡོད་པ། གནས་སྟངས་དེ་འདྲ་ཞིག་འོག་བོད་ཀྱི་མ་འོངས་པར་བདག་གཞན་གཉིས་ཀ་བློ་བདེ་ཡོད་ཐབས་མེད་སྐོར་ཞུས་པ་ཡིན་ལ། ཕྱིའི་རྒྱལ་ཁབ་ཁག་གི་ནང་། རྒྱ་ནག་གིས་གོ་སྐབས་གང་བླངས་ནས། བཙན་འཛུལ་ལམ་རྒྱ་སྐྱེད་གཏོང་སྟངས་ནི་(Peaceful Rise) བརྡ་ཆད་འདིའི་འོག་ནས་ཡོང་གི་ཡོད་ལ། དེ་ནི་དྲིལ་བསྒྲགས་ཀྱི་ཐོག་ནས་རྫུན་གཏམ་གྱི་རང་བཞིན་ཅན་དང་། དཔལ་འབྱོར་ཐོག་ནས་སླུ་བྲིད་ཀྱི་རང་བཞིན་ཅན་གཉིས་གཙོ་ཤུགས་ཡིན་པ་གང་ཞིག་ལ། རྒྱལ་མཚམས་བརྒལ་ནས་རྒྱལ་ཁབ་འདྲ་མིན་ནང་། ཡུལ་མིའི་བདེ་འཇགས་དང་། སྲིད་ཁྲིམས་ལ་སོགས་པར་གཏོར་སྐྱོན་གཏོང་གི་ཡོད་པ་ཙམ་མ་ཟད། ཝུའུ་ཧན་རྒྱ་ནད་ཀྱིས་མཚོན། རྫས་སྤྱོར་དུས་སྨན་(Fentanyl)སོགས་ནག་ཚོང་རིགས་ཀྱིས་ཨ་རི་སོགས་སྐད་ཤོར་དགོས་པ་བཟོས་པ་དང་། མ་མཐའ་ན་ཕྱི་བསྐྱོད་སློབ་མའི་ནང་གི་རྒྱ་ཕྲུག་མ་མཛེས་མ་ཚོ་སོ་ཉུལ་ལ་སྐྱེད་སྲིང་བྱས་ནས། ཚོང་པ་གྲགས་ཅན་དང་། གནད་ཡོད་ཆབ་སྲིད་མི་སྣའི་སར་ཧ་ལམ་རྒྱ་མོ་རེ་སླེབས་བཞིན་པར། གསང་ལས་ཚན་པས་ལོ་འདི་དག་གི་ནང་ལ་གཞི་ནས་དོ་སྣང་སླེབས་ཡོད་ལ། དེ་ལ་“ཀྲུང་གོའི་ཆགས་སྲེད་དམག་བྱུས”ལབ་ནས་བརྒྱུད་ལམ་གྱི་བརྡ་ཆད་གསར་པ་ཞིག་ཀྱང་སྤྱོད་བཞིན་པར་སོང་ཙང་། ངས་ལས་འགུལ་བ་རྣམས་རྒྱལ་ཁབ་སོ་སོའི་ནང་ལ་ལོག་རྗེས། གོང་གི་གནས་ཚུལ་འདི་དག་ཐོག་དོ་སྣང་མང་ཙམ་གནང་རྒྱུ་དང་། ཁྱད་པར་དུ་དེང་སྐབས་ཨ་རིའི་རྒྱལ་སྤྱིའི་མཐོང་སྣང་ལ་འགྱུར་བ་འགྲོ་བཞིན་པ་དང་། ཚོང་དམག་དང་། སྒེར་འཁོན་སོགས་འཐབ་ནས་ཡོང་དུས། དེ་སྔར་མང་གཙོའི་མཐུན་ཕྱོགས་སུ་བཤད་པའི་རྒྱལ་ཁབ་མང་པོ་ཞིག་ཨ་རིར་བློ་དོགས་ཆེ་རུ་འགྲོ་བཞིན་པའི་སྐབས་སུ། རྒྱ་གཞུང་གིས་གོ་སྐབས་དེ་བཟུང་ནས་ཨ་རིའི་ཚབ་བྱེད་ཀྱི་ཡོད་མདོག་མདོག རྒྱལ་སྤྱིའི་ཁྲིམས་སྒྲིག་སྲུང་སྐྱོབས་དང་། རྩོད་རྙོག་ཁག་འདུམ་སྒྲིག་གི་གོ་སྐབས་འཛིན་བཞིན་པ་ནི་དེ་བས་ཀྱང་ཉེན་ཁ་ཡིན་ཙང་། མི་མང་ལ་གདན་དོན་འདི་དག་ཐོག་གོ་རྟོགས་སྔ་སང་སང་སླེབ་དགོས་པ་བཅས་ཞོར་འཕྲོས་སུ་ཞུས་ཡོད་ཅེས་བརྗོད་སོང་།
གཞན་ཡང་། ང་ཚོས་ཚོགས་འདུའི་ནང་ཚོགས་ཞུགས་པ་མི་གྲངས་དང་། རྒྱལ་ཁབ་ག་ཚོད་ནས་མཉམ་ཞུགས་བྱས་ཡོད་མེད་སྐོར་དྲིས་པར། ཀླུ་མཁར་བྱམས་ཀྱིས། ཐེངས་འདིར་རྒྱལ་ཁབ་དང་། ས་ཁུལ་གཙོ་བོ་སོ་མེ་མི་རིགས་དང་པ་ལི་སི་ཐན། (dozen) དང་(West Papua), དང་(Western Sahara), དང་(Kurdistan),སོགས་ཀྱི་ལས་འགུལ་བ་ཕེབས་ཡོད་པ་མ་ཟད། རྒྱལ་སྤྱིའི་ཐོག་ལས་འགུལ་བ། ཨ་རིའི་ནང་གི་མི་རིགས་ནག་པོའི་ལས་འགུལ་ཧ་སོགས་(international solidarity activists there)ནས་ལས་འགུལ་བ་དངོས་སུ་ཚོགས་འདུར་ཞུགས་པ་དང་། ཡོང་མ་ཐུབ་པ་རྣམས་དྲ་ཐོག་ནས་འཛོམས་པ་བཅས་མི་གྲངས་སུམ་ཅུ་མ་ཟིན་ཙམ་ཡོད་ས་རེད་ཅེས་དང་། ཚོགས་འདུ་ཉིན་མ་གསུམ་གྱི་རིང་། ༡ རྒྱལ་ཁོངས་སོ་སོའི་གནས་སྟངས་ངོ་སྤྲོད། ༢ དུས་དང་མཐུན་པའི་འཐབ་བྱུས་ཇུས་འགོད། ༣ མ་འོངས་མཉམ་ལས་བྱེད་ཕྱོགས་བཅས། རྩ་བའི་བརྗོད་གཞི་གསུམ་གྱི་ཐོག་བགྲོ་གླེང་གོ་བསྡུར་བྱས་ཡོད་ཅེས་བརྗོད་སོང་།།
གསར་འགོད་པ། བློ་བཟང་རྒྱ་མཚོ།
