ཨ་རི་དང་། ཨོ་སི་ཁྲུ་ལི་ཡ། རྒྱ་གར་བཅས་ཀྱི་སྐུ་ཚབ་རྣམས་ཉི་ཧོང་དུ་འཛོམས་གཏན་འཁེལ་བ། 

རྒྱ་ནག་གིས་རྒྱ་གར་རྒྱ་མཚོ་དང་། ཞི་བདེ་རྒྱ་མཚོའི་ས་ཁུལ་དུ་བཙན་ཤེད་ངོམ་པ་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར། ཨ་རིི་དང་། ཨོ་སི་ཁྲུ་ལི་ཡ། རྒྱ་གར། ཉི་ཧོང་བཅས་ཀྱི་ཕྱི་སྲིད་བློན་ཆེན་རྣམས་ཉི་ཧོང་གི་རྒྱལ་ས་རུ་འཛོམས་ནས་ས་ཁུལ་དེ་དག་དང་འབྲེལ་བའི་གནད་དོན་ཐོག་གྲོས་མོལ་བྱེད་གཏན་འཁེལ་འདུག 

ཨ་རི་དང་། ཨོ་སི་ཁྲུ་ལི་ཡ། རྒྱ་གར་བཅས་ཀྱི་ཕྱི་སྲིད་བློན་ཆེན་རྣམས་བདུན་ཕྲག་རྗེས་མར་ཉི་ཧོང་གི་རྒྱལ་ས་ཋོའུ་ཁོའོ་(Tokyo)རུ་འཛོམས་ནས་ལྷོ་ཤར་ཨེ་ཤི་ཡའི་བདེ་འཇགས་དང་། ཝུའུ་ཧན་ཏོག་དབྱིབས་ནད་ཡམས་སོགས་ཀྱི་ཐོག་གྲོས་མོལ་བྱེད་གཏན་འཁེལ་འདུག་པ་དང་། དེ་ནི་ནད་ཡམས་ཁྱབ་གདལ་འགྲོ་འགོ་བརྩམས་པའི་རྗེས་སུ་ཉི་ཧོང་དུ་རྒྱལ་ཁབ་གཞན་གྱི་བློན་ཆེན་རྣམས་དངོས་སུ་གདོང་ཐུག་ནས་གྲོས་མོལ་བྱས་པ་ཆེས་ཐོག་མ་དེ་ཆགས་རྒྱུ་ཡིན་འདུག

མང་གཙོའི་རྒྱལ་ཁབ་ཆེ་ཤོས་བཞིའི་ཕྱི་སྲིད་བློན་ཆེན་རྣམས་བདུན་ཕྲག་རྗེས་མའི་རེ་གཟའ་མིག་དམར་ཉིན་ལྷན་དུ་འཛོམས་ནས་གྲོས་མོལ་བྱེད་གཏན་འཁེལ་ཚུལ་དེ། ས་ཁང་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཋོ་ཤཱི་མ་ཙོ་(Toshimitsu Motegi)ཡིས་གསར་འགོད་པ་ཚོར་བསྒྲགས་པ་དང་། ཁོང་གིས་ཕྱི་སྲིད་བློན་ཆེན་བཞིས་“རང་དབང་ལྡན་པའི་རྒྱ་གར་རྒྱ་མཚོ་དང་། ཞི་བདེ་རྒྱ་མཚོའི་ས་ཁུལ་ཞིག་”ཇི་ལྟར་སྐྲུན་དགོས་པའི་ཐབས་ལམ་སྐོར་གྲོས་མོལ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག 

ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཁོང་གིས་“ད་ལྟ་ས་ཁུལ་འདིའི་གནས་སྟངས་ཐོག་ལ་སེམས་ཁུར་གཅིག་མཚུངས་ཡོད་པའི་ཕྱི་སྲིད་བློན་ཆེན་བཞི་དངོས་སུ་འཛོམས་ནས་སོ་སོའི་བསམ་ཚུལ་བཤད་རྒྱུ་དེ་ཤིན་ཏུ་ཁ་ཚ་དགོས་གཏུག་ཅིག་ཆགས་ཡོད་”ཅེས་བརྗོད་པའི་ཐོག ཝུའུ་ཧན་ཏོག་དབྱིབས་ནད་ཡམས་དང་། ནད་ཡམས་དེས་བསླངས་པའི་དཔལ་འབྱོར་ཉམས་གུད་སོགས་ཀྱི་ཐད་ལའང་གྲོས་མོལ་བྱེད་རྒྱུ་ཡིན་སྐོར་བསྣན་འདུག 

ཁོང་གིས་ཞི་བདེ་རྒྱ་མཚོའི་ས་ཁུལ་དུ་རང་དབང་དང་བདེ་འཇགས་དགོས་པ་དེ་ནད་ཡམས་ཞི་བའི་རྗེས་སུ་ལྷག་ཏུ་གལ་ཆེ་ཚུལ་ཡང་གསུངས་འདུག་སྟེ། ཁོང་གིས་“དབང་ལྡན་པའི་རྒྱ་གར་རྒྱ་མཚོ་དང་། ཞི་བདེ་རྒྱ་མཚོའི་ས་ཁུལ་ཞིག་དགོས་རྒྱུ་དེ་ནད་ཡམས་རྗེས་ཀྱི་འཛམ་གླིང་ལ་ལྷག་ཏུ་གལ་ཆེན་པོ་ཆགས་ངེས་རེད།  དེ་མངོན་དུ་བསྒྱུར་བ་ལ། ངས་གྲོས་མོལ་དེའི་ཐོག་ང་ཚོ་དང་རྒྱལ་ཁབ་གཞན་རྣམས་མཉམ་འབྲེལ་བྱེད་པ་ཟབ་ཏུ་གཏོང་བའི་གལ་ཆེའི་རང་བཞིན་དེ་ར་སྤྲོད་ཐུབ་པའི་རེ་བ་རྒྱག་གི་ཡོད་”ཅེས་སྨྲས་འདུག 

རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་དང་སྒྲིག་ལམ་ལ་བརྩི་འཇོག་མེད་པར་གཡོ་བྱུས་དང་། དབང་ཤེད་ཁོ་ནར་བརྟེན་ནས་འཛམ་གླིང་དབང་དུ་སྒྱུར་ཐབས་བྱེད་བཞིན་པ་དེ་རྒྱལ་སྤྱིའི་མཐོང་ལམ་ལ་ཇེ་གསལ་དུ་འགྱུར་བཞིན་ཡོད་སྟབས། ཨ་རིས་སྣེ་ཁྲིད་པའི་རྒྱལ་ཁབ་བཞིའི་ཚོགས་པ་(Quad)དེ་ནི་ཆེད་དུ་ཕྱོགས་བཞི་ནས་ཐབས་བྱུས་ལྡན་པའི་ངང་དེ་ལ་ཁ་གཏད་གཅོག་མཁན་ཞིག་ཏུ་གྱུར་ཡོད། 

གཞན་ཡང་། རྒྱ་ནག་གི་ཚོང་ལས་དབང་སྒྱུར་ལ་ཁ་གཏད་གཅོག་པའི་ཆེད། ཟླ་བ་འདིའི་ནང་ཉི་ཧོང་དང་། ཨོ་སི་ཁྲུ་ལི་ཡ། རྒྱ་གར་བཅས་ཀྱི་ཚོང་འབྲེལ་བློན་ཆེན་རྣམས་ཀྱིས་མཉམ་འབྲེལ་ཐོག་ནས་རྒྱ་གར་རྒྱ་མཚོ་དང་། ཞི་བདེ་རྒྱ་མཚོའི་ཁུལ་དུ་ཐོན་སྐྱེད་བཟོ་སྐྲུན་ཡར་རྒྱས་གཏོང་རྒྱུའི་གྲོས་མཐུན་བྱས་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།