ཨ་རི་དང་ཉི་ཧོང་གཉིས་ཀྱིས་ཀྱང་མཉམ་འབྲེལ་ཐོག་ནས་རྒྱལ་སྲུང་བྱེད་རྒྱུར་མོས་མཐུན་བྱས་འདུག

ཨོ་སི་ཁྲུ་ལི་ཡ་དང་ཉི་ཧོང་གཉིས་ཀྱིས་མཉམ་འབྲེལ་གྱིས་རྒྱལ་ཁབ་སྲུང་བའི་ཆིངས་ཡིག་ཅིག་བཞག་རྗེས། ཨ་རི་དང་ཉི་ཧོང་གཉིས་ཀྱིས་ཀྱང་མཉམ་འབྲེལ་ཐོག་ནས་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་། ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ་ཡིན་སྐོར་བསྒྲགས་འདུག

ཟླ་འདིའི་ཚེས་༧ རེས་གཟའ་པ་སངས་ཉིན་མང་གཙོའི་སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་ཉི་ཧོང་གཉིས་ཀྱི་ཕྱི་སྲིད་དང་རྒྱལ་སྲུང་བློན་ཆེན་རྣམས་ཀྱི་བར་དུ་དྲ་ཐོག་གི་གྲོས་མོལ་ཚོགས་འདུ་ཞིག་འཚོགས་པའི་ཐོག རྒྱལ་ཁབ་གཉིས་ཀྱི་བློན་ཆེན་ཚོས་ཁྲིམས་དང་སྒྲིག་གཞིར་བརྟེན་པའི་རྒྱལ་སྤྱིའི་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། འཕྲུལ་ཆས་བཅས་ཀྱི་རྒྱུན་སྲོལ་ལ་རྒྱ་ནག་གིས་རྩིས་མེད་རྡོག་རོལ་གྱིས་ཉེན་ཁ་བཟོ་བཞིན་ཡོད་པ་དང་། རྒྱལ་་ཁབ་གཉིས་ཀྱིས་རྒྱལ་སྲུང་ནུས་ཤུགས་མཉམ་དུ་སྤུངས་ནས་རྒྱ་ནག་དང་ར་ཤི་ཡའི་ཉེན་ཁ་འགོག་སྲུང་བྱེད་རྒྱུར་མོས་མཐུན་བྱས་ཡོད་འདུག

གཞན་ཡང་། དྲ་ཐོག་གི་གྲོས་མོལ་ཚོགས་འདུ་དེའི་ཐོག སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་བློན་ཆེན་ཚོས་ཤར་ཏུར་ཀི་སི་ཐན་གྱི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་དང་། ཧོང་ཀོང་གི་གནས་སྟངས་ལ་སེམས་འཚབ་ཆེན་པོ་ཡོད་སྐོར་བརྗོད་པའི་ཐོག ཐའེ་ཝན་གྱི་མཚོ་འགག་ལའང་བརྟན་ལྷིང་དང་ཞི་བདེ་ཡོང་བ་བྱེད་རྒྱུ་དེ་གལ་གནད་ཀྱི་གལ་གནད་དུ་འཛིན་དགོས་སྐོར་ནན་བརྗོད་བྱས་ཡོད་འདུག

ཨ་ཉིའི་གྲོས་མོལ་ཚོགས་འདུ་འཚོགས་པའི་སྔ་ཉིན་ཏེ། རེས་གཟའ་ཕུར་བུའི་ཉིན་ཉི་ཧོང་དང་ཨོ་སི་ཁྲུ་ལི་ཡ་གཉིས་ཀྱི་བར་དུ་ཡང་ལོ་རྒྱུས་རང་བཞིན་ཅན་གྱི་རྒྱལ་སྲུང་ཆིངས་ཡིག་ཅིག་བཞག་པ་དང་། དེ་དང་འབྲེལ་བའི་ཐད་ལ། ཨོ་སི་ཁྲུ་ཡི་ཡའི་སྲིད་བློན་སི་ཁོ་ཊ-མོ་རེ་སོན་(Scott Morrison) གྱིས་“ཆིངས་ཡིག་འདི་ནི། ང་ཚོའི་རྒྱལ་ཁབ་གཉིས་ལ་ཐུན་མོང་དུ་འཕྲད་བཞིན་པའི་བདེ་འཇགས་ཀྱི་དཀའ་ཉེན་ལ་མཉམ་དུ་གདོང་ལེན་བྱེད་པའི་ཆོད་སེམས་དང་། ཞི་བདེ་རྒྱ་མཚོའི་ཁུལ་གྱི་སྲ་བརྟན་དང་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཆིངས་ཡིག་ཅིག་ཆགས་ཀྱི་ཡོད་”ཅེས་བརྗོད་ཡོད།

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་ཤུགས་རྒྱ་བསྐྱེད་བྱས་ཏེ་གླིང་ཕྲན་དང་མཚོ་འགག་མང་པོ་ཧམ་འཛིན་བྱེད་བཞིན་པར་མང་གཙོའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་སེམས་འཚབ་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། རྒྱ་ནག་གི་དཀའ་ཉེན་ལ་གདོང་ལེན་དང་། འགོག་རྒོལ་བྱེད་པའི་ཆེད་དུ་ཨ་རི་དང་། ཉི་ཧོང་། རྒྱ་གར། ཨོ་སི་ཁྲུ་ལི་བཅས་ལས་གྲུབ་པའི་སྟོབས་ཆེན་རྒྱལ་ཁབ་བཞིའི་མཐུན་ཚོགས་(the Quad) ཀྱིས་རྒྱལ་ཁབ་བཞིའི་མཉམ་འབྲེལ་ནུས་ཤུགས་ཆེ་རུ་བཏང་ནས་མཐའ་གཅིག་ཏུ་རྒྱ་ནག་གི་སྟོབས་ཤུགས་དང་ཉེན་ཁ་འགོག་སྲུང་བྱེད་རྒྱུའི་འབད་བརྩོན་བྱེད་ཀྱིན་ཡོད་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།