ཨ་རི་དང་བྱང་ཀོ་རི་ཡ་ནང་བཞིན་ཐའེ་རྒྱ་གཉིས་བར་ལྷན་ཚོགས་འབྱུང་གི་མ་རེད་ཟེར།

རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༣ ཉིན་རྒྱ་ནག་གཞུང་གིས། ཨ་རི་དང་བྱང་ཀོ་རི་ཡ་གཉིས་བར་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཤིག་འཚོགས་ནས། ཕྱོགས་གཉིས་ཀྱི་འབྲེལ་ལམ་བཟང་དུ་འགྲོ་བཞིན་པ་ལྟར། རྒྱ་ནག་དང་ཐའེ་ཝན་གཉིས་བར་དུ་དེ་མཚུངས་ཀྱི་ལྷན་ཚོགས་ཤིག་ཡོང་རྒྱུ་མེད་སྐོར་བརྗོད་ཡོད་འདུག

ད་ཐེངས་ཨ་རི་དང་བྱང་ཀོ་རི་ཡའི་འགོ་ཁྲིད་གཉིས་ཐུག་འཕྲད་ཀྱིས་ལོ་རྒྱུས་རང་བཞིན་ལྡན་པའི་ལྷན་ཚོགས་ཤིག་སིང་གྷ་པུར་དུ་འཚོགས་པ་བཞིན། ཕྱི་ལོ་༢༠༡༥ ལོར་ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་སྐབས་དེའི་ཐའེ་ཝན་གྱི་སྲིད་འཛིན་མཱ་ཡེན་ཅིའུ་གཉིས་ལོ་རྒྱུས་རང་བཞིན་ཅན་གྱི་ཐུག་འཕྲད་ཅིག་བྱས་ཡོད་ཀྱང་། དེའི་རྗེས་ནས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་སོང་ཡོད་པ་རེད།

དེ་རིང་ཐའེ་ཝན་སྐོར་གྱི་ལས་དོན་དང་འབྲེལ་བའི་རྒྱ་ནག་གཞུང་ལས་ཁང་གི་མགྲིན་ཚབ་པ་མཱ་ཞའོ་ཀོང་གིས་“ཐའེ་ཝན་གྱི་དཀའ་རྙོག་འདི་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་གཙང་མ་གཙང་རྐྱང་ཞིག་རེད། འདིའི་རང་བཞིན་ནི་ཨ་རི་དང་བྱང་ཀོ་རིའི་འབྲེལ་ལམ་གཉིས་དང་ཡོངས་སུ་ཐ་དད་རེད་”ཅེས་དང་། “ཐའེ་ཝན་དང་རྒྱ་ནག་སྐམ་ས་ཆེན་མོ་གཉིས་ཀར་རྒྱ་ནག་གཅིག་ལ་དབང་བ་ཞིག་རེད། མཚོ་འགག་གཉིས་བར་གྱི་འབྲེལ་བ་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་ཞིག་མ་རེད་”ཅེས་བརྗོད་ཡོད་འདུག

ཕྱི་ལོ་༢༠༡༦ ལོར་ལྕམ་ཚའེ་དབྱིང་ཝེན་ཐའེ་ཝན་གྱི་སྲིད་འཛིན་དུ་སླེབས་ཡོད་པ་དང་། མོས་‘རྒྱ་ནག་གཅིག་གི་སྲིད་ཇུས་’ཁས་ལེན་བྱེད་ཀྱི་མེད་སྟབས། ཐའེ་ཝན་གྱི་ཕྱོགས་སུ་རྒྱ་ནག་སྔར་ལས་ཀྱང་ཁོང་ཁྲོ་ཤུགས་ཆེ་རུ་སོང་ཡོད་ཀྱང་།  ལྕམ་ཚའེ་དབྱིང་ཝེན་གྱིས་ཐའེ་ཝན་གྱི་གནས་སྟངས་ད་ལྟ་གང་ཡིན་པ་དེ་སོར་གནས་ཐོག ཐའེ་ཝན་དང་ཐའེ་ཝན་གྱི་མང་གཙོ་སྲུང་སྐྱོབ་བྱ་རྒྱུ་དང་། རྒྱ་ནག་གི་ཐུབ་ཚོད་དང་བརྙས་བཅོས་འགོག་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད་འདུག

ཐའེ་ཝན་གྱི་གནད་དོན་ནི་ས་ཁོངས་དང་འབྲེལ་བའི་ཐོག་ནས་རྒྱ་ནག་གི་ཆེས་སེམས་འཚབ་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་དང་། རྒྱ་ནག་གིས་ཐའེ་ཝན་གྱི་གཡས་གཡོན་དུ་དམག་མི་དང་། འབར་མདེལ་འཁྱེར་མཁན་གྱི་གནམ་གྲུ་ཇེ་མང་དུ་གཏོང་བཞིན་ཡོད་པ་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།