ཨ་རི་དང་ཡུ་རོབ་ཀྱིས་ཨུ་རུ་སུ་ལ་ཉེས་ཆད་ཐེངས་དྲུག་པ་གཅོད་འཆར།
ཟླ་འདིའི་ཚེས་༡༦ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་འདིའི་ཕྱི་ཟླ་༢ པ་ནས་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པར་བརྟེན། ཨ་རི་དང་ཡུ་རོབ་སོགས་ཀྱིས་ཨུ་རུ་སུ་ལ་ཉེས་ཆད་མང་པོ་བཅད་ཡོད་འདུག
ད་ལྟའི་བར་དུ་ཨ་རི་དང་དབྱིན་ཇི། ཡུ་རོབ་མཐུན་ཚོགས་བཅས་ཀྱིས་ཨུ་རུ་སུའི་མི་སྣ་༡༠༠༠ ལྷག་ལ་ཉེས་ཆད་བཅད་ཡོད་པ་དང་། ཨུ་རུ་སུ་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ནས་ཕུད་པ་དང་། ཨུ་རུ་སུ་ནས་སྣུམ་དང་སོལ་རླངས་རྫས་ཉོ་མཚམས་འཇོག ཨ་རི་དང་ཁ་ན་ཌ་དང་དབྱིན་ཇི་སོགས་ཀྱི་བར་སྣང་རྒྱ་ཁྱོན་དུ་ཨུ་རུ་སུའི་གནམ་གྲུ་འཕུར་སྐྱོད་མི་ཆོག་པ་བཟོས་པ་དང་། དེ་བཞིན་ཨུ་རུ་སུ་དང་ལྷན་དུ་དངོས་ཟོག་ཕྱིར་བཙོང་ནང་འདྲེན་མི་བྱེད་པ་སོགས་ཀྱི་ཉེས་ཆད་བཅད་ཡོད་འདུག ཡུ་རོབ་མཐུན་ཚོགས་ཀྱིས་ཨུ་རུ་སུ་ལ་ཉེས་ཆད་ཐེངས་ལྔ་པ་བཅད་ཡོད་པ་དང་། ད་ལྟའི་ཆར་ཐེངས་དྲུག་པ་འགེལ་རྒྱུའི་ཐོག་ལ་གྲོས་བསྡུར་བྱེད་བཞིན་ཡོད་འདུག
ད་ལྟའི་བར་དུ་རྒྱལ་སྤྱིའི་བཟོ་ལས་ཁང་༡༠༠༠ ལྷག་གིས་ཨུ་རུ་སུའི་ས་ཐོག་ཏུ་ཉོ་ཚོང་བྱེད་རྒྱུ་མཚམས་འཇོག་དང་ཕྱིར་འཐེན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
ཨུ་རུ་སུས་ཀྱང་ད་ལྟའི་བར་དུ་སྨན་དང་མོ་ཊ། འབྲུ་རིགས་སོགས་ཁྱོན་བསྡོམ་དངོས་ཟོག་རིགས་༢༠༠ ལྷག་ཕྱིར་འདྲེན་བྱེད་རྒྱུ་མཚམས་འཇོག་བྱས་ཡོད་འདུག
གཞན་ཡང་ཧིན་དུ་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཡུ་རོབ་ཀྱི་རྒྱལ་ཁབ་མང་པོས་ཨུ་རུ་སུའི་རྩ་ནས་སྣུམ་ཉོ་ཡི་ཡོད་ཀྱང་། ཨུ་རུ་སུའི་ཡུལ་སྒོར་བེེད་སྤྱོད་བྱེད་དགོས་ཀྱི་ཡོད་པ་དང་། ལོ་འདིའི་ཕྱི་ཟླ་༤ པའི་ནང་དུ་པོ་ལན་ཊི་དང་བྷོ་གྷ་རི་རྒྱལ་ཁབ་གཉིས་ཀྱིས་ཨུ་རུ་སུའི་ཡུལ་སྒོར་བེད་སྤྱོད་བྱེད་རྒྱུ་ཁས་ལེན་མ་བྱས་པར་བརྟེན། ཨུ་རུ་སུས་རྒྱལ་ཁབ་དེ་གཉིས་ལ་སོལ་སྣུམ་བཙོང་རྒྱུ་མཚམས་འཇུག་བྱས་ཡོད། ད་ལྟའི་ཆར་ཡུ་རོབ་ཀྱི་སོལ་རླངས་ཉོ་མཁན་སྡེ་ཁག་བཅུ་ཡིས་དངུལ་ཁང་རྩིས་ཁྲ་གསར་པ་སྒོ་ཕྱེ་ནས་ཨུ་རུ་སུའི་ཡུལ་སྒོར་སྤྱོད་ནས་སོལ་རླངས་ཉོ་ཡི་ཡོད་པ་མ་ཟད། ད་དུང་ཡང་སོལ་རླངས་ཉོ་མཁན་གྱི་སྡེ་ཁག་༡༤ ཡིས་དངུལ་ཁང་རྩིས་ཁྲ་གསར་པ་སྒོ་ཕྱེ་འཆར་ཡོད་པའི་གནས་ཚུལ་ཐོོན་འདུག
ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པར་བརྟེན་ཡུ་རོབ་ཀྱིས་ཨུ་ཚུགས་ཀྱིས་ཨུ་རུ་སུའི་རྩ་ནས་སོལ་རླངས་ཉོ་རྒྱུ་མཚམས་འཇོག་བྱེད་ཐབས་བྱས་ཀྱང་། ད་དུང་ཡང་ཡུ་རོབ་ཀྱི་རྒྱལ་ཁབ་མོལ་དོ་ཝ་(MOLDOVA) མ་སི་དོ་ཉི་ཡ་(MACEDONA) བྷོ་སི་ནི་ཡ་(BOSNIA) བཅས་ཀྱི་སོལ་རླངས་ཀྱི་བརྒྱ་ཆ་༡༠༠% དང་ཧྥིན་ལན་ཌིའི་སོལ་རླངས་༩༤% དང་། ལེ་ཌ་ཝེ་ཡ་(LATVIA) ཡི་སོལ་རླངས་ཀྱི་བརྒྱ་ཆ་༩༣% དང་ཇར་མ་ནི་སོལ་རླངས་ཀྱི་བརྒྱ་ཆ་༤༩% དང་། ཧྥ་རན་སིའི་སོལ་རླངས་བརྒྱ་ཆ་༢༤% སོགས་ཡུ་རོབ་ཀྱི་རྒྱལ་ཁབ་མང་པོའི་སོལ་རླངས་ཀྱི་ཡོང་ཁུངས་དེ་ད་དུང་ཡང་ཨུ་རུ་སུ་ལ་བརྟེན་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག །
གསར་འགོད་པ་བློོ་བཟང་རྒྱ་མཚོ།