ཨ་རི་དང་རྒྱ་གར་གཉིས་ཀྱིས་ཏཱ་ལའི་བླ་མའི་ཡང་སྲིད་ཐོག་ཏུ་འཐབ་རྩོད་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད།

སུའུ་དྷིརཱན་ཇོན་སན་(Sudhi Ranjan Sen)གྱིས་བརྩམས།

རང་ཐར་གྱིས་བསྒྱུར།

རྒྱ་གར་ལ་སྐྱབས་བཅོལ་དུ་བཞུགས་པའི་བོད་ཀྱི་ཆོས་ལུགས་ཀྱི་དབུ་ཁྲིད་༧ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ པ་བསྟན་འཛིན་རྒྱ་མཚོ་མཆོག་ད་ལོའི་ཕྱི་ཟླ་བདུན་པའི་ནང་དགུང་གྲངས་ ༨༦ ལ་ཕེབས་ཀྱི་ཡོད། ཁོང་གི་ཡང་སྲིད་ཀྱི་གདམ་ཀ་དེ་རྒྱ་གར་དང་ཨ་རི་གཉིས་ཕྱོགས་གཅིག་དང་།རྒྱ་ནག་ཕྱོགས་གཞན་དུ་བྱས་པའི་བར་གྱི་འཐབ་རྙོག་ཅིག་ཏུ་འགྱུར་བཞིན་ཡོད།

༧ཏཱ་ལའི་བླ་མ་ནི་སྐུ་གཤེགས་པའི་རྗེས་སུ་[བསམ་བཞིན་དུ་]སླར་ཡང་སྐུ་སྐྱེ་བཞེས་པའི་སངས་རྒྱས་གསོན་པོ་ཞིག་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད་ཅིང་། སྲོལ་རྒྱུན་གྱི་ལུགས་སྲོལ་ལྟར་ན། ཐོག་མར་ཡང་སྲིད་བྱིས་པ་འཚོལ་བ་དང་། དེ་ནས་བྱིས་པ་ཞིག་ཡང་སྲིད་ཡིན་པ་ར་འཕྲོད་བྱུང་རྗེས། བྱིས་པ་དེས་སློབ་སྦྱོང་བྱས་ཏེ་རང་གི་འགན་དབང་ཆེད་དུ་གྲ་སྒྲིག་བྱེད་ཀྱི་ཡོད། ཏཱ་ལའི་བླ་མའི་སྐུ་ཕྲེང་འདི་དགུང་ལོ་གཉིས་ཀྱི་ཐོག་ལ་ངོས་འཛིན་བྱུང་ཡོད། ༧ཏཱ་ལའི་བླ་མ་འདེམས་སྒྲུག་བྱེད་པར་ཐབས་ལམ་གཅིག་ཁོ་ན་མ་ཡིན་པར་བརྒྱུད་རིམ་ཤིན་ཏུ་རིང་ཞིང་རྙོག་འཛིང་ཆེན་པོ་ཡོད།

གནད་དོན་ཤིན་ཏུ་གལ་འགངས་ཆེ་བའི་དབང་གིས་མིང་བརྗོད་འདོད་མེད་ཀྱང་དངོས་སུ་ཤེས་རྟོགས་ཡོད་པའི་རྒྱ་གར་གྱི་གཞུང་ཞབས་གཉིས་ཀྱིས། སྲིད་བློན་གྱི་ལས་ཁུངས་འདུས་པའི་རྒྱ་གར་བདེ་སྲུང་ལས་ཁུངས་ཀྱི་མི་སྣ་མཐོན་པོ་ཚོས་ལྡི་ལི་གསར་པས་༧ཏཱ་ལའི་བླ་མའི་ཡང་སྲིད་འདེམས་སྒྲུག་ཐོག་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་དགོས་མིན་གྱི་གྲོས་མོལ་བྱེད་ཀྱིན་ཡོད་ཚུལ་བཤད་ཡོད། རྒྱ་གར་གྱིས་བཙན་བྱོལ་བོད་གཞུང་དྷ་སའི་གྲོང་ཁྱེར་ལ་གནས་སྡོད་བྱེད་དུ་བཅུག་ཡོད་པ་དང་། ཕྱི་ལོ་ ༢༠༠༣ ལོར་གཞི་ནས་བོད་རྒྱ་ནག་གི་ཆ་ཤས་ཡིན་པའི་ངོས་འཛིན་བྱས་ཡོད།རྒྱ་གར་སྲིད་བློན་གྱི་ལས་ཁུངས་ནས་ང་ཚོའི་དྲི་བར་ལན་འདེབས་བྱས་མ་བྱུང་།

ད་ལོའི་ཕྱི་ཟླ་དང་པོ་ནས་གསུམ་པ་བར་དུ། རྒྱ་གར་གྱིས་རྒྱ་ནག་གི་མཐའ་མཚམས་སུ་ཡོད་པའི་ཧི་མ་ལ་ཡའི་ས་ཁུལ་ཁག་ནས་ཆོས་བརྒྱུད་དང་གྲུབ་མཐའ་སྣ་ཚོགས་ཀྱི་དགེ་འདུན་པ་རྒན་གྲས་རྣམས་བསྐོངས་ནས་ཚོགས་ཆེན་མ་འདྲ་བ་ལྔ་འཚོགས་ཡོད་ཅིང་། འདས་པའི་ལོ་ངོ་༢༠༠༠ ལྷག་གི་ནང་དུ་དེ་ལྟ་བུའི་གནས་ཚུལ་ཞིག་བྱུང་བ་ཆེས་ཐོག་མ་དེ་ཆགས་ཡོད། ཡང་སྲིད་ཅིག་ཐོག་མར་ངོས་འཛིན་དང་། དེ་ནས་ནར་སོན་པ་ལ་ལོ་ངོ་བཅུ་ཕྲག་གཉིས་སམ་དེ་ལས་མང་བ་འགོར་གྱི་ཡོད་སྟབས། རྒྱ་གར་གཞུང་གིས་དགེ་འདུན་པའི་ཚོགས་པ་འདིས་ཏཱ་ལའི་བླ་མའི་ཡང་སྲིད་འཚོལ་བར་རྒྱལ་སྤྱིའི་ཐོག་ནས་ཁྲིམས་མཐུན་དུ་སྒྱུར་བ་དང་། དབང་ཆའི་བར་སྟོང་དེ་བཀང་ཐུབ་པའི་རེ་བ་རྒྱག་གི་ཡོད།

ཕྱི་ལོ་ ༡༩༥༩ ལོར་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་༧ཏཱ་ལའི་བླ་མ་རྒྱ་དམག་ལ་འཛིན་དུ་མ་བཅུག་པར་བོད་ནས་རྒྱ་གར་བྱང་ཕྱོགས་སུ་བྲོས་བྱོལ་དུ་ཕེབས་པར་རོགས་བྱས་ཡོད་པ་དང་། ཁོང་གིས་ད་བར་དུ་ཡང་སྲིད་དང་འབྲེལ་བའི་འཆར་གཞི་གསལ་པོ་ཞིག་གསུངས་མེད། ལོ་བཅུ་ཕྲག་གཅིག་གི་གོང་ལ། ཁོང་གིས་ཁོང་དགུང་གྲངས་ ༩༠ ལ་ཕེབས་སྐབས་བོད་ཀྱི་བླ་ཆེན་གཞན་རྣམས་དང་བཀའ་སྡུར་གནང་ནས།ཁོང་སྐུ་གཤེགས་རྗེས་སུ་ལོ་ངོ་ ༦༠༠ ལྷག་གི་ལོ་རྒྱུས་ལྡན་པ་༧ཏཱ་ལའི་བླ་མའི་སྒྲིག་འཛུགས་མུ་མཐུད་གནས་དགོས་མིན་ཐག་གཅོད་མཛད་རྒྱུ་ཡིན་པའི་གསུང་འཕྲིན་གནང་ཡོད།

༧ཏཱ་ལའི་བླ་མ་མ་མཆོག་གི་སྐུ་སྒེར་ཡིག་ཚང་སྟེ། ཡང་སྲིད་ངོས་འཛིན་བྱེད་པར་རོགས་རམ་བྱེད་མཁན་དགའ་ལྡན་ཕོ་བྲང་གི་མངའ་ཁུངས་སུ་ཡོད་པའི་ཟམ་གདོང་རིན་པོ་ཆེས། གལ་སྲིད་བོད་མུ་མཐུད་རྒྱ་ནག་གི་བཙན་འོག་ཏུ་གནས་པ་ཡིན་ན།༧ཏཱ་ལའི་བླ་མ་མཆོག་བོད་ཀྱི་ཕྱི་ལོགས་སུ་འཁྲུངས་ངེས་པ་དང་། རྒྱ་གར་དུ་འཁྲུངས་ཤས་ཆེ་ཞེས་དང་། རྒྱ་ནག་གིས་ཁོ་ཚོ་རང་གི་ཏཱ་ལའི་བླ་མ་ཞིག་ངོས་འཛིན་བྱེད་སྲིད་རུང་། ཁོ་ཚོའི་གདམ་ག་དེ་ཁྲིམས་མཐུན་མ་རེད་ཅེས་གསུངས་ཡོད།

ཟམ་གདོང་རིན་པོ་ཆེས། ན་ནིང་བར་དུ་༧ཏཱ་ལའི་བླ་མ་མཆོག་དང་རྒྱ་ནག་གཞུང་གཉིས་ཀྱི་བར་དུ་ཕྱེད་གཞུང་འབྲེལ་”(semi-official)གྱི་གྲོས་མོལ་བྱུང་ཡོད་པ་དང་། རྒྱ་ནག་གཞུང་གིས་ཁོང་ཕྱིར་བོད་དུ་ཕེབས་པའི་སྐུལ་མ་བྱེད་པའི་འབད་བརྩོན་བྱས་ཡོད་རུང་།ད་ལྟའི་ཆབ་སྲིད་ཀྱི་གནས་སྟངས་འོག་ནས་ཁོང་ཕྱིར་ཕེབས་རྒྱུ་དེ་མི་སྲིད་པ་ཞིག་ཆགས་ཡོད་ཚུལ་ཡང་གསུངས་ཡོད།

ཕྱི་ལོ་ ༢༠༠༧ ལོར། རྒྱ་ནག་གིས་ཕྱིའི་སྒྲིག་འཛུགས་དང་མི་སྒེར་གང་གི་ཐེ་བྱུས་ཅི་ཡང་མེད་པར་ཏཱ་ལའི་བླ་མའི་ཡང་སྲིད་བཙལ་འཚོལ་ངོས་འཛིན་བྱེད་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་ཅིང་། བཀའ་རྒྱ་དེའི་ནང་དུ་བོད་ཀྱི་རྒྱལ་ས་ལྷ་སའི་ཇོ་ཁང་དུ་གསེར་བུམ་དཀྲུགས་ནས་ཡང་སྲིད་འདེམས་དགོས་པ་དང་། ཡང་སྲིད་ཁྲི་འདོན་གྲུབ་རྗེས། ངེས་པར་དུ་རྒྱ་ནག་གཞུང་ནས་སྤྲུལ་སྐུའི་ངོས་འཛིན་ཡིག་ཆ་ཞུ་དགོས་སྐོར་འཁོད་ཡོད། པེ་ཅིང་གི་འགོ་ཁྲིད་ཚོས། རྒྱ་ནག་དམར་ཤོག་ཚོགས་པས་ ༡༩༤༩ ལོར་སྲིད་དབང་མ་བཟུང་གོང་དུ། རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་སྲིད་འཛིན་ཅང་ཅེ་ཧྲིའི་མོས་མཐུན་ཆོག་མཆན་བྱུང་རྗེས་ ༡༩༣༩ ལོར་ད་ལྟའི་ཏཱ་ལའི་བླ་མ་འདི་ཁྲི་ལ་མངའ་གསོལ་བྱས་པ་ཞིག་ཡིན་སྟབས། ལུགས་སྲོལ་དེ་སྔ་མོ་ནས་ཡོད་པ་ཞིག་ཡིན་ཟེར་གྱི་ཡོད།

༧ཏཱ་ལའི་བླ་མ་མཆོག་གིས་དེ་ནི་རྫུན་གཏམ་ཞིག་ཡིན་པ་དང་། ༡༣༩༡ ལོར་སྐུ་ཕྲེང་དང་པོ་བྱུང་བ་ནས་བཟུང་གསེར་བུམ་དཀྲུགས་པའི་ལམ་ལུགས་དེ་ཐེངས་གཉིས་ལས་བེད་སྤྱོད་བཏང་མེད་ཅེས་གསུངས་ཡོད། (༧ཏཱ་ལའི་བླ་མ་མཆོག་གིས་གལ་སྲིད་ཡང་སྲིད་ཀྱི་འོས་གཞི་མང་པོ་བྱུང་ན།ཟན་རིལ་བསྒྲིལ་པ་ཞེས་པའི་ཐབས་གཞན་ཞིག་བསྟེན་ཆོག་ཚུལ་གསུངས་ཡོད་ཅིང་། ཐབས་ལམ་འདིའི་ནང་། བྱིས་པ་ཚོའི་མིང་ཤོག་དུམ་ངོས་སུ་བྲིས་ཏེ་ཤོག་དྲིལ་དེ་དག་ཟན་(སྦག)གྱི་ནང་དུ་སྒྲིལ་བ་དང་། ཟན་བསྒྲིལ་དེ་དག་གཞོང་བའི་ནང་དུ་བླགས་ཏེ་བདུན་ཕྲག་གཉིས་ལ་ཡི་དམ་ཆོས་སྐྱོང་གི་སྐུ་མདུན་དུ་འཇོག་པ་དང་། དེ་ནས་ཟན་རིལ་གཅིག་མར་མ་ལྷུང་བར་དུ་གཞོང་བ་སྐོར་གྱི་ཡོད།)

༧ཏཱ་ལའི་བླ་མའི་ཐོག་གི་རྩོད་རྙོག་འདི་ནི། བྷ་ཌན་སྲིད་གཞུང་གིས་ཨེ་ཤི་ཡའི་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་འབྲེལ་དམ་ཟབ་ཀྱིས་པེ་ཅིང་སྲིད་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ནས་ཉེས་ཆད་གཅོད་པ་དང་། གལ་ཆེའི་འཕྲུལ་ཆས་རྒྱ་ནག་ལ་ཕྱི་འདྲེན་བྱེད་པར་ཚད་བཀག་བཟོ་བ། ཐའེ་ཝན་འདུས་པའི་ས་ཁུལ་རྣམས་རྒྱ་ནག་གི་ཡིན་ཚུལ་རྗོད་བཞིན་པར་ཟློག་ཐབས་སོགས་བྱེད་པའི་སྐབས་འདིར་འབྱུང་བཞིན་ཡོད། རྒྱ་ནག་གིས་ཀྱང་ཨ་རི་དང་ཨ་རིའི་མཐུན་གྲོགས་ཚོ་ལ་བོད་དང་། ཤིང་ཅང་། དེ་མིན་གྱི་ནང་སོག་གི་གནད་དོན་ལ་ཐེ་བྱུས་བྱེད་པའི་ཐོབ་ཐང་མེད་ཅེས་རྒོལ་ལན་སློག་བཞིན་ཡོད།

ན་ནིང་ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་གྱིས་བོད་དོན་རྒྱབ་སྐྱོར་དང་སྲིད་བྱུས་ཀྱི་ཁྲིམས་ལ་མཚན་རྟགས་བཀོད་ཡོད་ཅིང་། ཁྲིམས་དེའི་འོག་ཏུ་༧ཏཱ་ལའི་བླ་མའི་སྐུ་ཕྲེང་འདི་ལ་ཡང་སྲིད་ཐག་གཅོད་གནང་བའི་དབང་ཚད་ཆ་ཚང་ཡོད་ཚུལ་ནད་བརྗོད་བྱས་ཡོད། དེ་ཡིས་མ་ཚད། ༢༠༢༠ལོའི་ཕྱི་ཟླ་ ༡༢ ནང་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་(སྲིད་སྐྱོང་)ཐེངས་དང་པོར་ཨ་རིའི་ཕོ་བྲང་དཀར་པོར་ཕྱིན་ཡོད། བྷ་ཌན་སྲིད་གཞུང་གིས་ཀྱང་ཊོམ་གྱི་སྲིད་བྱུས་རྒྱུན་འཛིན་བྱེད་ཀྱི་ཡོད་དེ། ད་ལོའི་ཕྱི་ཟླ་ པའི་ནང་ཨ་རིའི་ཕྱི་སྲིད་དྲུང་ཁུངས་ཀྱི་མགྲིན་ཚབ་པ་ནཱ་ཌིཕི་ར་སི་(Ned Price) ཡིས་གསར་འགོད་པ་ཚོ་ལ་ང་ཚོས་༧ཏཱ་ལའི་བླ་མའི་ཡང་སྲིད་བཙལ་འཚོལ་དང་ངོས་འཛིན་བྱེད་པའི་བརྒྱུད་རིམ་ནང་རྒྱ་ནག་ལ་འགན་དབང་མེད་པའི་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་བཤད་ཡོད། ཟམ་གདོང་རིན་པོ་ཆེས་ཨ་རིའི་སྲིད་བྱུས་དེ་དམིགས་ཡུལ་བཟང་པོ་ཞིག་ཡིན་ན་ཡང་།༧ཏཱ་ལའི་བླ་མའི་ཡང་སྲིད་ནི་བོད་མི་ཚོ་དང་འབྲེལ་བའི་ཆོས་ལུགས་ཁོ་ནའི་གནད་དོན་ཞིག་ཡིན་ཞེས་གསུངས་ཡོད།

ཧིན་དྷུ་ཤུགས་ཆེ་བའི་རྒྱ་གར་ནི་ནང་ཆོས་ཀྱི་འཁྲུངས་ཡུལ་ཡིན་ཞིང་། རྒྱ་གར་གྱིས་བསྐྱར་དུ་ཆོས་ལུགས་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན་ཚུལ་སྒྲོག་བཞིན་ཡོད། འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་། ལྡི་ལི་གསར་པའི་འགོ་ཁྲིད་ཚོས་༧ཏཱ་ལའི་བླ་མ་རྒྱ་གར་དུ་བཞུགས་པ་དེ་པེ་ཅིང་གི་འགོ་ཁྲིད་ཚོར་བོད་རང་བཙན་ངོས་འཛིན་བྱེད་རྒྱུ་ཡིན་ཞེས་གནོན་ཤུགས་སྤྲོད་བྱེད་ཀྱི་ཆབ་སྲིད་ཀྱི་ལག་ཆརབལྟས་ཡོད། འོན་ཀྱང་། ཉེ་ཆར་ཁོ་ཚོས་བཙན་བྱོལ་བོད་མི་ཚོར་བཟུང་བའི་ལྟ་ཚུལ་ལ་འགྱུར་བ་ཐེབས་ཡོད། ན་ནིང་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སུ་ལོ་ངོ་བཅུ་ཕྲག་མང་པོའི་ནང་གི་དྲག་པོའི་གདོང་ཐུག་ཆེ་ཤོས་དེ་བྱུང་ནས་འགལ་ཟླ་ཛ་དྲག་ཅིག་བྱུང་བར་བརྟེན། རྒྱ་གར་གྱིས་ཕྱི་ཟླ་ པའི་ནང་ཆེས་ཐོག་མར་བོད་དམག་གིས་གྲུབ་པའི་གསང་བའི་རུ་ཁག་ཅིག་ཡོད་པའི་ཁས་ལན་ཐེངས་དང་པོ་བྱས་ཡོད།

རྒྱ་ནག་གིས་ཀྱང་བོད་དང་ཨེ་ཤི་ཡ་སྤྱི་ཡོངས་ལ་དབང་ཤུགས་བེད་སྤྱོད་བྱེད་པའི་ཆེད་དུ་བོད་བརྒྱུད་ནང་བསྟན་དགོས་མཁོ་ཡོད་པ་མཐོང་གི་ཡོད། ཐའེ་ཝན་ཨེ་ཤི་ཡའི་ཐེབས་རྩ་ཁང་(Taiwan-Asia Exchange Foundation) གི་ཉམས་ཞིབ་པ་སཱ་ན་ཧ་ཤི་མ་(Sana Hashmi) ཡིས་རྒྱ་ནག་གིས་བོད་བརྒྱུད་ནང་བསྟན་འཇམ་པོའི་སྟོབས་ཤུགས་ཀྱི་ལག་ཆར་བེད་སྤྱོད་བྱས་དང་བྱེད་མུས་སུ་ཡོད་ཅེས་བཤད་ཡོད།

༧ཏཱ་ལའི་བླ་མའི་སྐུ་ཕྲེང་འདིས་རང་བཙན་གྱི་ཚབ་ཏུ་རང་སྲིད་རང་སྐྱོང་རྩོད་ཀྱི་ཡོད་རུང་། པེ་ཅིང་སྲིད་གཞུང་གིས་དེ་ཡང་ཉེན་ཁར་མཐོང་གི་ཡོད། བོད་ལ་དོ་དམ་བྱེད་མཁན་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་མཐོ་ཤོས་ཝུའུ་ཡེན་ཇི་(Wu Yingjie) ཡིས་ན་ནིང་ཕྱི་ཟླ་ ༡༠པའི་ནང་རྒྱ་ནག་གིས་ཏཱ་ལའི་བླ་མ་དང་ཏཱ་ལའི་ཤོག་ཁག་གི་གསར་རྗེར་ངོ་རྒོལ་བྱེད་པའི་རང་བཞིན་གསལ་རྗེན་དུ་བསྟན་ནས། བོད་མི་རྣམས་ཡང་དག་པའི་ཆོས་ལུགས་ཀྱི་ཕྱོགས་སུ་འཁྲིད་དགོས་ཞེས་རྩོམ་ཡིག་སྤེལ་ཡོད།

འདི་དང་འདྲ་བའི་དབང་ཤུགས་ཀྱི་འཐབ་རྩོད་ཅིག་བོད་ཀྱི་བླ་མ་མཐོ་ཤོས་གཉིས་པ་སྟེ། ༧པཎ་ཆེན་རིན་པོ་ཆེའི་ཐོག་ཏུ་བྱུང་ཡོད་དེ། ༡༩༨༩ལོར་༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་སྐུ་གཤེགས་རྗེས། ༧ཏཱ་ལའི་བླ་མ་མཆོག་དང་རྒྱ་ནག་གཞུང་གཉིས་ཀས་སོ་སོའི་ཡང་སྲིད་ངོས་འཛིན་བྱས་ཡོད། རྒྱ་ནག་གིས་བདམས་པའི་མི་དེ་ད་ལྟ་རྒྱ་ནག་གི་གྲོས་ཚོགས་ཀྱི་སློབ་སྟོན་པར་གྱུར་ཡོད་པ་དང་། ༧ཏཱ་ལའི་བླ་མ་མཆོག་གིས་བདམས་པ་དེ་ལོ་ངོ་བཅུ་ཕྲག་གཉིས་ལ་མཐོང་ཡུལ་དུ་གྱུར་མེད་པ་དང་། ཁོང་གི་རྗེས་འབྲང་བ་ཚོས་ཁོང་དགུང་གྲངས་ གི་སྐབས་སུ་བཙན་ཁྲིད་བྱས་ཡོད་ཟེར་གྱི་ཡོད།

རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་ཏཱ་ལའི་བླ་མ་དང་པཎ་ཆེན་བླ་མའི་ཡང་སྲིད་ནི་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཡིན་ཞིང་། ཕྱིའི་སྟོབས་ཤུགས་ཀྱི་ཐེ་བྱུས་གང་ཡང་བྱེད་དུ་འཇུག་གི་མིན། ང་ཚོས་འབྲེལ་ཡོད་ཚོགས་སྡེ་ཁག་ལ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་དང་། བཙན་བྱོལ་བོད་གཞུང་ཟེར་བ་ཡི་རྒྱ་ནག་ཁ་བྲལ་གཏོང་བའི་རང་བཞིན་ངན་པ་ངོས་འཛིན་དང་། ཁོ་ཚོའི་སྐད་ཆ་དང་བྱ་སྤྱོད་ལ་དོགས་ཟོན་བྱས་ཏེ། བོད་དང་འབྲེལ་བའི་གནད་དོན་བེད་སྤྱོད་བྱས་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་མཚམས་འཇོག་དགོས་ཞེས་བཤད་ཡོད།