ཨ་རི་དང་རྒྱ་གར་མེད་ཀྱང་རྒྱ་ནག་ཡོད་པའི་ཚོང་འབྲེལ་གྲོས་མཐུན་ཆེན་པོ་ཞིག་བཞག་འདུག

འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་དུག་ལ་བརྟེན་ནས་དཔལ་འབྱོར་གྱི་གནས་སྟངས་ཉམས་རྒུད་ཕྱིན་ཡོད་པའི་སྐབས་དེར། ཨ་རི་དང་རྒྱ་གར་མེད་ཀྱང་རྒྱ་ནག་ཡོད་པའི་རྒྱལ་ཁབ་༡༥ ཡི་ཚོང་འབྲེལ་གྲོས་མཐུན་ཆེན་པོ་ཞིག་བཞག་ཐུབ་འདུག 

ཟླ་༡༡ པའི་ཚེས་༡༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༥ ཉིན་རྒྱ་ནག་དང་ཉི་ཧོང་། ལྷོ་ཀོ་རི་ཡ། ནིའུ་ཛི་ལན་ཌི། ཨོ་སི་ཀྲོ་ལི་ཡ། བྷེ་རུ་ནི། ཁེམ་བྷོ་ཌི་ཡ། ཨེན་ཌོ་ནོ་ཤི་ཡ། ལའོ་སེ། མཱ་ལེ་ཤི་ཡ། འབར་མ། ཧྥེ་ལི་པེན། སིང་གྷ་པུར། ཐེ་ལན་ཌི། ཝི་ཏི་ནམ་བཅས་རྒྱལ་ཁབ་༡༥ བར་ཚོང་འབྲེལ་གྲོས་མཐུན་ཞིག་བཞག་འདུག་པ་དང་། གྲོས་མཐུན་དེའི་ཆེད་དུ་ཕྱི་ལོ་༢༠༡༢ ལོ་ནས་གྲོས་མོལ་བྱེད་འགོ་བཙུགས་ཡོད་འདུག 

གྲོས་མཐུན་(Regional Comprehensive Economic Partnership) ནང་དུ་འཛམ་གླིང་གི་མི་འབོར་བརྒྱ་ཆ་༣༠ ལྷག་ཚུད་ཀྱི་ཡོད་པས། རྒྱལ་ནང་ཐོན་སྐྱེད་ཕྱོགས་བསྡོམས་ལ་གཞིགས་ན་རྒྱལ་སྤྱིའི་ནང་ཚོང་འབྲེལ་གྲོས་མཐུན་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་རེད་འདུག འོན་ཀྱང་དེའི་ནང་ཨ་རི་མེད་པ་དང་། དེ་ཡང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱལ་སྤྱིའི་ཚོང་འབྲེལ་གྲོས་མཐུན་མང་པོ་ཞིག་ནས་ཨ་རི་ཕྱིར་འཐེན་བྱས་ཡོད་ཁར། ཨེ་ཤི་ཡའི་རྒྱལ་ཁབ་མང་པོ་ཞིག་དང་ཨ་རི་བར་བཞག་པའི་ཚོང་འབྲེལ་གྲོས་མཐུན་ཞིག་ནས་ཨ་རི་ཕྱིར་འཐེན་བྱས་ཡོད་པས། གྲོས་མཐུན་དེའི་ནང་མེད་ཁར་གྲོས་མཐུན་དེ་འགོ་ཁྲིད་མཁན་ནི་རྒྱ་ནག་ཡིན་འདུག་པ་དང་། དེ་ནི་ཨ་རི་དང་ཁེ་ན་ཌ། མེག་སི་ཁོ་བར་གྱི་གྲོས་མཐུན་དང་། ཡུ་རོབ་མཐུན་ཚོགས་ཀྱི་གྲོས་མཐུན་ལས་ཆེ་བ་ཡིན་འདུག 

གྲོས་མཐུན་དེའི་ནང་ཐོག་མར་རྒྱ་གར་ཡོད་འདུག་ཀྱང་། ཕྱི་ལོ་༢༠༡༩ ལོའི་ཟླ་༡༡ པའི་ཚེས་༤ ཉིན་རྒྱ་གར་གྱིས་གྲོས་མཐུན་དེ་ནི་ཕྱིར་འཐེན་བྱས་འདུག་པ་དང་། གཞུང་འབྲེལ་གྱི་རྒྱུ་མཚན་ནི་གྲོས་མཐུན་དེ་ལ་བརྟེན་ནས་རྒྱ་གར་གྱི་མང་ཚོགས་ཚང་མ་དང་ལྷག་པར་དུ་དབུལ་ཕོངས་ཀྱི་མང་ཚོགས་སྡེ་ཚན་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་སྤྲོད་རྒྱུ་ཡིན་པའི་གནས་སྟངས་འོག་གྲོས་མཐུན་དེ་ནས་ཕྱིར་འཐེན་བྱས་ཡོད་སྐོར་བརྗོད་འདུག 

རྒྱ་ནག་གི་སྲིད་བློན་ལཱི་ཁེ་ཆང་གིས་ད་ལྟའི་གོ་ལའི་གནས་སྟངས་འོག ལོ་ངོ་བརྒྱད་ཀྱི་རྗེས་ཀྱི་གྲོས་མོལ་འོག་གྲོས་མཐུན་དེ་འདྲ་ཞིག་བཞག་ཐུབ་པ་ནི། རེ་བའི་འོད་སྟོང་གསར་པ་ཞིག་བསྐྲུན་གྱི་ཡོད་སྐོར་བརྗོད་འདུག ཚོགས་འདུ་དེ་དྲ་ཐོག་ནས་འཚོགས་ནས་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་སྐུ་ཚབ་ཚོས། གྲོས་མཐུན་ཡིག་ཆར་མིང་རྟགས་བཀོད་འདུག མིང་རྟགས་བཀོད་མཁན་གྱི་རྒྱལ་ཁབ་ཚོས་མ་འོངས་པར་གྲོས་མཐུན་དེའི་ནང་རྒྱ་གར་བསྐྱར་དུ་འཛུལ་བའི་ལམ་ཁ་ཡོད་སྐོར་བརྗོད་འདུག 

དེ་ཡང་གྲོས་མཐུན་དེའི་ནང་ལོ་༢༠ ཡི་ནང་ཚུད་དུ་ཚོགས་མི་རྒྱལ་ཁབ་བར་ཚོང་ཟོག་ཕྱིར་འདྲེན་བྱེད་སྐབས་སྒོ་ཁྲལ་དམའ་རུ་འགྲོ་རྒྱུ་ཡིན་ཁར། སྒོ་ཁྲལ་རིགས་ཁག་ཅིག་མེད་པ་ཆགས་རྒྱུ་ཡིན་པའི་ཆ་རྐྱེན་ཡོད་འདུག གྲོས་མཐུན་དེ་ལོ་༢ ནང་ལག་བསྟར་བྱེད་འགོ་བཙུགས་སྲིད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།