ཨ་རི་དང་རྒྱ་ནག་གཉིས་ཀས་ཝེ་ཐེ་ནམ་དང་འབྲེལ་ལམ་ཡར་རྒྱས་གཏོང་ཆེད་ཤུགས་རྒྱག་བཞིན་འདུག
ཟླ་འདིའི་ཚེས་༡༣ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཝེ་ཐེ་ནམ་དང་ཨ་རི་གཉིས་ཀྱིས་ཕན་ཚུན་འབྲེལ་ལམ་ཐོག་ཤུགས་སྣོན་བརྒྱབ་ནས་གཟའ་འཁོར་འགའ་ཤས་ཀྱི་རྗེས། རྒྱ་ནག་དང་ཝེ་ཐེ་ནམ་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཆེད་རྒྱ་ནག་གི་སྲིད་འཛིན་ཝེ་ཐེ་ནམ་ལ་འབྱོར་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༡༢ ཉིན། རྒྱ་ནག་དང་ཝེ་ཐེ་ནམ་གཉིས་ཀྱི་འབྲེལ་ལམ་སྲ་བརྟན་ཡོང་ཆེད། རྒྱ་ནག་གི་སྲིད་འཛིན་ཞིན་ཅིང་ཕིང་ཁྱིམ་མཚེས་རྒྱལ་ཁབ་ཝེ་ཐེ་ནམ་ལ་འབྱོར་ཡོད་འདུག ཕྱི་ལོ་༢༠༡༧ ནས་ད་བར་ལོ་ངོ་དྲུག་གི་རྗེས། ཞིན་ཅིང་ཕིང་ཝེ་ཐེ་ནམ་ལ་བསླེབས་པ་ཐོག་མ་ཡིན་པ་མ་ཟད། ཨ་རི་དང་ཉི་ཧོང་གཉིས་ཀྱིས་ཝེ་ཐེ་ནམ་དང་ཕྱི་འབྲེལ་ཐོག་ཤུགས་སྣོན་བརྒྱབ་ནས་གཟའ་འཁོར་འགའི་རྗེས་སུ་རྒྱ་ནག་གི་སྲིད་འཛིན་ཝེ་ཐེ་ནམ་ལ་བསླེབས་པ་ཞིག་ཆགས་ཀྱི་ཡོད་འདུག ཟླ་འདིའི་ཚེས་༡༢ ཉིན་སྲིད་འཛིན་ཞིན་ཅིང་ཕིང་དང་ཝེ་ཐེ་ནམ་བར་འབྲེལ་ལམ་དང་མེ་འཁོར་ལམ། རྒྱང་འཕྲིན་(Telecommunication) སོགས་དང་འབྲེལ་དོན་ཚན་༣༧ ཅན་གྱི་གྲོས་མཐུན་ཞིག་ལ་མཚན་རྟགས་བཀོད་ཡོད་འདུག
ཝེ་ཐེ་ནམ་གྱི་ཕྱི་སྲིད་ལས་ཁུངས་ཀྱིས་བརྗོད་གསལ་ལྟར་ན། ཟླ་འདིའི་ཚེས་༡༣ ཉིན་རྒྱ་ནག་གི་སྲིད་འཛིན་ཞིན་ཅིང་ཕིང་གིས་ཝེ་ཐེ་ནམ་གྱི་སྲིད་འཛིན་དང་སྲིད་བློན། གྲོས་ཚོགས་ཀྱི་ཚོགས་གཙོ་བཅས་དང་ཐུག་འཕྲད་བྱེད་རྒྱུ་ཡིན་འདུག
ལོ་འདིིའི་ཕྱི་ཟླ་༩ པའི་ནང་། ཨ་རིའི་སྲིད་འཛིན་ཝེ་ཐེ་ནམ་ལ་འཚམས་གཟིགས་སུ་ཕེབས་ཤིང་། ཁོང་གིས་ཨ་རི་དང་ཝེ་ཐེ་ནམ་གཉིས་ཀྱི་ཕྱི་འབྲེལ་གྱི་གནས་བབ་དེ་ཨ་རྒྱ་གཉིས་ཀྱི་ཕྱི་འབྲེལ་དང་མཉམ་པར་སྤར་ཡོད་ཅེས་བརྗོད་ཡོད་འདུག ཨ་རི་ཡིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་རྒྱལ་ཁབ་དག་དང་ཕྱི་འབྲེལ་ཐོག་ཤུགས་སྣོན་བརྒྱབ་ནས་འགོག་སྲུང་གི་ནུས་པ་ཆེ་རུ་བཏང་སྟེ་རྒྱ་ནག་ལ་གདོང་ལེན་བྱ་རྒྱུ་དེ་ཡིན་རུང་། སྲིད་འཛིན་བྷ་ཌན་གྱིས་དེ་ལྟར་མིན་ཞེས་ནན་བརྗོད་བྱས་ཡོད་འདུག
གཞན་ཡང་ལོ་འདིའི་ཕྱི་ཟླ་༡༡ ནང་། ཉི་ཧོང་དང་ཝེ་ཐེ་ནམ་བར་ཕྱོགས་གཉིས་ཀྱིས་བདེ་འཇགས་དང་དཔལ་འབྱོར་ཐོག་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཁས་ལེན་བྱས་ཡོད་འདུག ཝེ་ཐེ་ནམ་ནི་དམར་ཤོག་རྒྱལ་ཁབ་ཅིག་ཡིན་པ་དང་། ལྟ་གྲུབ་ཀྱི་ཆ་ནས་རྒྱ་ནག་དང་བློ་ཐག་ཉེ་བ་མ་ཟད། རྒྱ་ནག་གིས་ཡུལ་དེར་ལས་འཆར་༤༠༠༠ ལྷག་གི་ཆེད་དུ་ཨ་སྒོར་ཐེར་འབུམ་༢༦ ལྷག་གི་མ་རྩ་བཙུགས་ཡོད་འདུག ཡིན་ན་ཡང་། རྒྱ་ནག་རྒྱ་མཚོའི་ཁུལ་གྱི་གླིང་ཕྲན་གཉིས་དང་འབྲེལ་རྒྱ་ནག་དང་ཝེ་ཐེ་ནམ་བར་གདོང་ཐུག་འབྱུང་གི་ཡོད་ཅིང་། ཉེ་བའི་ཆར་ཝེ་ཐེ་ནམ་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཚོ་དང་འབྲེལ་བ་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་འདུག
ལྷག་པར་དུ་ཝེ་ཐེ་ཝན་ནང་ཆབ་སྲིད་ཀྱི་བརྟན་ལྷིང་ཡོད་པ་དང་། རྒྱ་ནག་དང་ཨ་རི་གཉིས་དང་བསྡུར་ན་ལས་མིའི་གླ་ཆ་ལྡབ་གཉིས་ཀྱིས་ཆུང་བ་མ་ཟད། ལས་མི་ལ་བདེ་འཇགས་ཡོད་པ་དང་ས་ཆའི་གནས་སྟངས་ལེགས་པ། ལྷག་པར་དུ་གྲུ་གཟིང་འབབ་ཚུགས་༣༠༠ དང་གནམ་ཐང་༢༠ ལྷག་ཡོད་པ་སོགས་ལ་བརྟེན་ནས། འཛམ་གླིང་ཐོག་གི་བཟོ་ཚོང་ཁང་མང་པོ་ཝེ་ཐེ་ནམ་ལ་གནས་སྤོ་བྱེད་བཞིན་ཡོད་འདུག ཕྱི་ལོ་༢༠༡༩ ལོར་ཐུན་མོང་ཚོང་ལས་ཁང་༥༦ རྒྱ་ནག་ནས་རྒྱལ་ཁབ་གཞན་ལ་གནས་སྤོ་བྱས་ཡོད་པའི་ཁྲོད། ཚོང་ལས་ཁང་གསུམ་རྒྱ་གར་དང་གཉིས་ཧིན་རྡུ་ནེ་ཤེ་ཡ་ལ་སྤོས་ཡོད་འདུག བརྒྱད་ཐེེ་ལན་ཌི་དང་༡༡ ཐའེ་ཝན། ༢༦ ཝེ་ཐེ་ནམ་ལ་སྤོས་ཡོད་འདུག
ཝེ་ཐེ་ནམ་ལ་མ་རྩ་འཛུགས་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པར་བརྟེན། ཕྱི་ལོ་༢༠༢༢ ལོ་ཝེ་ཐེ་ནམ་གྱི་རྒྱལ་ནང་ཐོན་སྐྱེད་ཕྱོགས་བསྡོམས་ཀྱི་བརྒྱ་ཆ་༨% ་ཟིན་ཞིང་། ཤར་ཨེ་ཤེ་ཡའི་ནང་དཔལ་འབྱོར་ཡར་རྒྱས་ཀྱིི་མྱུར་ཚད་མཐོ་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་ཡོད་འདུག ལོ་རྗེས་མའི་ནང་རྒྱལ་ནང་ཐོན་སྐྱེད་ཕྱོགས་བསྡོམས་ཀྱི་བརྒྱ་ཆ་༦% ་ནས་༦.༥% ཟིན་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་འདུག
ད་ལྟའི་ཆར་འཛམ་གླིང་ནང་གི་དཔལ་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་ཀྱི་བར་ཚོང་སོགས་ཀྱི་གནད་དོན་ཐོག་གདོང་ཐུག་འབྱུང་བཞིན་པའི་སྐབས་སུ། བཟོ་བསྐྲུན་གྱི་ལྟེ་གནས་སུ་གྱུར་བའི་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཝེ་ཐེ་ནམ་ནི་ཆབ་སྲིད་པ་དང་ཚོང་ལས་གཉེར་མཁན་ཚོ་ལ་གལ་འགངས་ཆེ་རུ་འགྲོ་བཞིན་ཡོད་འདུག།
གསར་འགོད་པ་བློ་བཟང་རྒྱ་མཚོ།
