ཨ་རིའི་ཁྲིམས་དཔོན་ཞིག་གིས་ཊོམ་གྱི་བཀའ་རྒྱ་ཞིག་མཚམས་འཇོག་དགོས་པའི་ཐག་གཅོད།

ཨ་རིའི་ཁྲིམས་དཔོན་ཞིག་གིས་ཨ་རི་རྒྱལ་ཡོངས་སུ་གནས་སྐབས་རིང་ཁ་ཆེའི་རྒྱལ་ཁབ་བདུན་གྱི་མི་སེར་ཨ་རིར་ཡོང་མི་མི་ཆོག་པའི་སྲིད་འཛིན་ཊོམ་གྱི་བཀའ་རྒྱ་དེ་སྐབས་ཤིག་གི་རིང་ལ་མཚམས་འཇོག་བྱེད་དགོས་པའི་ཐག་གཅོད་བྱས་ཡོད་འདུག

16558439_316532488748813_1188087094_nདེ་ཡང་ཟླ་འདིའི་ཕྱི་ཚེས་༤ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་ཝ་ཤིང་ཊོན་མངའ་སྡེའི་ནང་གི་གྲོང་ཁྱེར་སེ་ཊེལ་གྱི་ཁྲིམས་དཔོན་ཇེམ་སི་རོ་བྷར་ཊི་ནས། ཨ་རིའི་གཞུང་གི་ཁྲིམས་རྩོད་པ་ཚོས་ཨ་རིའི་མངའ་སྡེ་གཞུང་ལ་སྲིད་འཛིན་ཊོམ་གྱི་འཛིན་སྐྱོང་བཀའ་རྒྱ་ལ་ཁ་གཏད་གཅོག་རྒྱུའི་དབང་ཆ་མེད་ཚུལ་བརྗོད་བཞིན་པ་དེར་རྒྱབ་གཏོད་བྱས་ཏེ། གནས་སྐབས་རིང་ཁ་ཆེའི་ལུང་པ་བདུན་གྱི་མི་སེར་རྣམས་ཨ་རིར་ཡོང་མི་ཆོག་པའི་སྲིད་འཛིན་ཊོམ་གྱི་སྲིད་ཇུས་དེ། ཨ་རིའི་རྒྱལ་ཡོངས་སུ་གནས་སྐབས་ཤིག་གི་རིང་ལ་ལག་བསྟར་བྱ་རྒྱུ་མཚམས་འཇོག་བྱེད་དགོས་པའི་ཐག་གཅོད་བྱས་ཡོད་འདུག

དེ་བཞིན་ཝ་ཤིང་ཊོན་མངའ་སྡེ་གཞུང་གི་ཁྲིམས་དོན་སྤྱི་ཁྱབ་པ་བྷོབ་ཧྥེར་གུ་སོན་གྱིས། མི་འབོར་ཤུགས་ཆེ་བ་ཁ་ཆེས་ཟིན་པའི་རྒྱལ་ཁབ་ཁག་བདུན་ནས་ཨ་རིར་ཡོང་མཁན་རྣམས་ལ་བཀག་སྡོམ་བྱེད་པ་དེས་ཆོས་ལུགས་དབྱེ་འབྱེད་བཟོ་ཡི་འདུག་པས། རྩ་ཁྲིམས་དང་མི་མཐུན་པ་དང་ཁྲིམས་འགལ་རེད་ཅེས་འགྲེལ་བརྗོད་བྱས་ཡོད་འདུག

སྤྱིར་ཨ་རིའི་མངའ་སྡེའི་གཞུང་ཁག་གི་ཁྲིམས་དོན་སྤྱི་ཁྱབ་པ་མང་པོས་ཁ་ཆེའི་རྒྱལ་ཁབ་བདུན་ནས་ཨ་རིར་འགྲོ་བསྐྱོད་བྱེད་མཁན་རྣམས་བཀག་སྡོམ་བྱེད་པའི་ཊོམ་གྱི་སྲིད་ཇུས་དེ་ནི། རྩ་ཁྲིམས་དང་མི་མཐུན་ཁར་ཁྲིམས་འགལ་ཆགས་ཀྱི་འདུག་ཅེས་བརྗོད་ཡོད་འདུག་པ་དང་། དེ་བཞིན་ཁྲིམས་དཔོན་ཁག་ཅིག་གིས་གནས་སྐབས་རིང་རྒྱལ་ཁབ་དེ་དག་ནས་ཡོང་བའི་མི་རྣམས་ཕྱིར་འབུད་བྱེད་རྒྱུ་མཚམས་འཇོག་བྱས་ཡོད་འདུག་ཀྱང་། དེ་དག་ལས་ཨ་རི་རྒྱལ་ཡོངས་སུ་སྲིད་འཛིན་ཊོམ་གྱི་བཀའ་རྒྱ་དེ་གནས་སྐབས་རིང་ལ་མཚམས་འཇོག་བྱེད་དགོས་ཞེས་བརྗོད་མཁན་ཆེས་སྔ་ཤོས་ནི་སི་ཊེལ་གྲོང་ཁྱེར་ཆགས་ཡོད་འདུག

ཨ་རིའི་གཞུང་གི་ཕྱོགས་ནས་སྲིད་འཛིན་ཊོམ་གྱི་ལམ་སྟོན་བཀའ་རྒྱ་ནི་ཁྲིམས་མཐུན་དང་འོས་འཚམས་ལྡན་པ་ཞིག་ཡིན་སྐོར་བསྒྲགས་ཡོད་འདུག་ལ། དེ་བཞིན་ཁ་ཆེའི་ལུང་པ་བདུན་ནས་ཡོང་མཁན་རྣམས་གནས་སྐབས་རིང་མཚམས་འཇོག་བྱེད་དགོས་པའི་སྲིད་འཛིན་ཊོམ་གྱི་བཀའ་རྒྱ་དེ་ཨ་རིའི་མི་མང་སྲུང་སྐྱོབ་བྱ་རྒྱུར་དམིགས་ཡོད་པ་དང་། ཨ་རིའི་མི་མང་སྲུང་སྐྱོབ་བྱ་རྒྱུ་ནི་རྩ་ཁྲིམས་ཀྱིས་གནང་བའི་སྲིད་འཛིན་གྱི་འོས་འགན་དང་ཐོབ་ཐང་གཉིས་ཀ་ཡིན་སྐོརབསྒྲགས་འདུག

འོན་ཀྱང་། ཉུང་མཐར་ཝིར་ཇིན་ནི་ཡ་དང་། ནིའུ་ཡོག མ་ས་ཆུ་སེ་ཊི། མི་ཤི་གྷན་མངའ་སྡེ་བཅས། ཨ་རིའི་ནང་གི་མངའ་སྡེ་བཞིས་སྲིད་འཛིན་ཊོམ་གྱི་འཛིན་སྐྱོང་བཀའ་རྒྱ་ལ་ཁ་གཏད་གཅོག་བཞིན་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།