ཨ་རིའི་གནོན་ཤུགས་ཁྲོད་རྒྱ་གར་དང་ཨུ་རུ་སུའི་འབྲེལ་ལམ་སྔར་ལས་སྲ་བརྟན།

ཁ་སང་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་རྒྱ་གར་དུ་ཡོང་ཡོད་པ་དང་། སྐབས་དེར་རྒྱ་གར་གྱི་སྲིད་བློན་མུ་དྷི་རང་ཉིད་དངོས་སུ་གནམ་ཐང་དུ་ཕེབས་ནས་སྣེ་ལེན་ཞུས་ཡོད་ཅིང་། རྒྱ་གར་དང་ཨུ་རུ་སུ་གཉིས་ཀྱི་འབྲེལ་ལམ་ལ་ཕྱི་ནས་གནོན་ཤུགས་ཇི་ཙམ་འཕྲད་ཀྱང་སྔར་ལས་སྲ་བརྟན་དུ་གནས་ཡོད་པར་དབྱེ་ཞིབ་པ་མང་པོས་འགྲེལ་བརྗོད་བྱེད་བཞིན་འདུག

པར། ALJAZEERA

ཕྱི་ལོ་༢༠༢༥ ཟླ་བ་༡༢ ཚེས་༥ ཉིན་(ALJAZEERA)གསར་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། ཁ་སང་དགོང་མོ་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་རྒྱ་གར་དུ་ཕེབས་འབྱོར་བྱུང་ཡོད་ཅིང་། སྐབས་དེར་རྒྱ་གར་གྱི་སྲིད་བློན་མུ་དྷི་ཁོང་དངོས་སུ་གནམ་ཐང་དུ་སྣེ་ལེན་ཆེད་ཕེབས་འདུག་པ་དེས། རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་དེ་ཧ་ཅང་གལ་ཆེན་པོ་ཞིག་ལ་བརྩི་བཞིན་པ་མཚོན་གྱི་ཡོད་འདུག རྒྱུ་མཚན་ནི་དུས་རྒྱུན་རྒྱལ་ཁབ་གཞན་གྱི་འགོ་ཁྲིད་སུ་འདྲ་ཞིག་ཕེབས་ཀྱང་། རྒྱ་གར་གཞུང་གི་དཔོན་རིགས་མཐོ་གྲས་ཤིག་ལས་སྲིད་བློན་དངོས་སུ་གནམ་ཐང་དུ་ཕེབས་ནས་སྣེ་ལེན་ཞུ་བ་ནི་ཧ་ཅང་དཀོན་པོ་ཡིན་འདུག དེ་བཞིན་ཐེངས་འདིར་པུ་ཊིན་རྒྱ་གར་དུ་ཡོང་པ་ནི་ཨུ་རུ་སུས་ཡུག་རེན་ལ་དངོས་སུ་བཙན་འཛུལ་འགོ་བཙུགས་ནས་ལོ་བཞི་འགྲོ་བའི་རྗེས་ཀྱི་ཐེངས་དང་པོ་དེ་ཡིན་འདུག
ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་འགོ་བཙུགས་ནས་ད་ཆ་ལོ་བཞི་མ་ཟིན་ཙམ་འགྲོ་བཞིན་ཡོད་ཅིང་། དུས་ཡུན་དེ་དག་གི་རིང་རྒྱ་གར་གྱིས་ཨུ་རུ་སུའི་རྡོ་སྣུམ་ཕོན་ཆེན་ཉོས་པའི་རྐྱེན་གྱིས། ཨ་རིའི་གཞུང་གིས་རྒྱ་གར་ལ་ཨུ་རུ་སུའི་རྡོ་སྣུམ་ཉོ་རྒྱུ་མཚམས་འཇོག་བྱེད་དགོས་པ་དང་། གལ་སྲིད་མཚམས་འཇོག་མ་བྱས་ཚེ་དཔལ་འབྱོར་ཉེས་ཆད་གཅོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད། དེའི་རྒྱུ་མཚན་གཙོ་བོ་ནི་ཨུ་རུ་སུས་རྡོ་སྣུམ་བཙོངས་པའི་དངུལ་དེ་དག་དམག་འཁྲུག་ཆེད་དུ་འགྲོ་གྲོན་དུ་བེད་སྤྱོད་བྱེད་བཞིན་པ་དེ་འགོག་ཐབས་ཆེད་དུ་ཡིན་འདུག
དེ་རིང་ཉིན་གང་རྒྱ་གར་གྱི་སྲིད་འཛིན་གཙོས་པའི་གནད་ཡོད་མི་སྣ་མང་པོ་དང་ཐུག་འཕྲད་གནང་རྒྱུ་དང་། ད་ཐེངས་ཀྱི་གཞུང་དོན་ལྟ་སྐོར་འདི་ནི་པུ་ཊིན་སྲིད་འཛིན་ཆགས་པ་ནས་བཟུང་རྒྱ་གར་དང་ཨུ་རུ་སུ་གཉིས་ཐབས་བྱུས་མཉམ་འབྲེལ་བཙུགས་ཏེ་ལོ་༢༥ འཁོར་བའི་དུས་དྲན་གལ་ཆེན་ཞིག་དང་དུས་མཚུངས་སུ་ཁེལ་གྱི་ཡོད་འདུག ཕྱི་ལོ་༢༠༠༠ ནས་བཟུང་རྒྱ་གར་གྱི་སྲིད་བློན་དང་ཨུ་རུ་སུའི་སྲིད་འཛིན་གཉིས་ལོ་རེར་ཕན་ཚུན་འཚམས་གཟིགས་སུ་ཕེབས་རྒྱུའི་ལུགས་སྲོལ་ཞིག་འགོ་བཙུགས་ཡོད་ཀྱང་། ཕྱི་ལོ་༢༠༢༢ ལོར་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་རྗེས་ལུགས་སྲོལ་དེ་བར་མཚམས་ཆད་ཡོད་འདུག་ཅིང་། ཕྱི་ལོ་༢༠༢༣ ལོར་རྒྱ་གར་ནང་འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་(G20)ལྷན་ཚོགས་སྐབས་སུའང་པུ་ཊིན་རྒྱ་གར་ནང་ཡོང་མི་འདུག དེའི་རྒྱུ་མཚན་གཙོ་བོ་གཅིག་ནི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་པུ་ཊིན་དང་ལྷན་དུ་ཚོགས་འདུར་མཉམ་ཞུགས་བྱེད་འདོད་མེད་པའི་རྣམ་འགྱུར་བསྟན་ཡོད་པ་དང་། གཉིས་ནས་སྐབས་དེར་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་པུ་ཊིན་ལ་འཛིན་བཟུང་བྱེད་རྒྱུ་གླེང་སློང་བྱས་ཡོད་པས། དེ་རྗེས་ཕྱི་རྒྱལ་དུ་འགྲོ་རྒྱུ་ཉུང་དུ་བཏང་ཡོད་འདུག མཐར་ཕྱི་ལོ་༢༠༢༤ ལོར་རྒྱ་གར་གྱི་སྲིད་བློན་མུ་དྷི་ཨུ་རུ་སུར་ཕེབས་པའི་རྗེས་སུ། ད་ལོ་པུ་ཊིན་ལོ་བཞིའི་རྗེས་རྒྱ་གར་དུ་ཡོང་བ་ཞིག་རེད་འདུག
སྲིད་དོན་མཁས་པ་དང་ཉམས་ཞིབ་པ་ཚོས་བརྗོད་དོན། ཐེངས་འདིར་པུ་ཊིན་རྒྱ་གར་དུ་ཡོང་དོན་གཙོ་བོ་ནི་རྒྱ་གར་ལ་རྡོ་སྣུམ་དང་། འབྲུ་རིགས། གོ་མཚོན་སོགས་བཙོང་རྒྱུའི་ཐད་གྲོས་མོལ་བྱེད་རྒྱུ་དང་། དེ་བཞིན་ཨ་རིས་རྒྱ་གར་ལ་གནོན་ཤུགས་སྤྲད་དེ་ཨུ་རུ་སུ་དང་ཚོང་འབྲེལ་ཉུང་དུ་གཏོང་ཐབས་བྱེད་བཞིན་པའི་སྐབས་འདིར། པུ་ཊིན་རྒྱ་གར་དུ་ཡོང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྔར་བས་དམ་ཟབ་ཏུ་གཏོང་ཐབས་ཆེད་དུ་ཡིན་པ་བརྗོད་འདུག
ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ར་ཇཱན་ཀུ་མཱར་(Rajan Kumar)གྱིས་ པུ་ཊིན་གྱིས་ཨུ་རུ་སུའི་མི་མང་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྡ་ལན་གསལ་པོ་ཞིག་སྤྲོད་བཞིན་པ་ནི། ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨུ་རུ་སུ་ཁེར་རྐྱང་དུ་འཇོག་ཐབས་བྱེད་ཀྱི་ཡོད་ཀྱང་། ཨུ་རུ་སུ་ནམ་ཡང་ཁེར་རྐྱང་དུ་ལྷག་མི་སྲིད་ཅེས་བརྡ་ལན་སྤྲོད་ཐབས་ཆེད་དུ་ཡིན་ཞེས་གསུངས་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།