ཨ་རིའི་གཞུང་གིས་དགུ་པའི་ཚེས་བཅུ་གཅིག་གི་དྲག་རྒོལ་གྱི་གསང་བའི་ཡིག་ཆར་བསྐྱར་ཞིབ་བྱེད་རྒྱུ་རེད་འདུག
ཨ་རིའི་ནང་ཕྱི་ལོ་༢༠༠༡ ལོའི་ཟླ་༩ པའི་ཚེས་༡༡ ཉིན་འཇིགས་སྐུལ་རིང་ལུགས་པས་གནམ་གྲུ་བཙན་བཟུང་གིས་དྲག་རྒོལ་བྱས་པའི་གནད་དོན་དང་འབྲེལ་ནས། ཚེ་སྲོག་ཤོར་མཁན་གྱི་ནང་མིས་དྲག་རྒོལ་དེའི་རྒྱབ་ཏུ་སོ་ཌི་ཨ་རབ་གཞུང་གི་མི་སྣ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པས། ཨ་རིའི་གཞུང་གིས་དྲག་རྒོལ་དང་འབྲེལ་བའི་གཞུང་གི་གསང་བའི་ཡིག་ཆ་རྣམས་ལ་བསྐྱར་ཞིབ་བྱེད་རྒྱུ་རེད་འདུག
ཟླ་༨ པའི་ཚེས་༡༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་ཁྲིམས་ཞིབ་ལས་ཁང་གིས་ཕྱི་ལོ་༢༠༠༡ ལོའི་ཟླ་༩ པའི་ཚེས་༡༡ ཉིན་གྱི་འཇིགས་སྐུལ་རིང་ལུགས་པའི་དྲག་རྒོལ་ཐོག་གི་གསང་བའི་ཡིག་ཆའི་ཁོངས་ནས་དེ་སྔོན་ཕྱིར་བསྒྲགས་མ་བྱས་པའི་གསང་བའི་གནས་ཚུལ་མང་བ་ཞིག་ཕྱིར་བསྒྲགས་བྱེད་པའི་དམིགས་ཡུལ་ཆེད་དུ། ཡིག་ཆ་དེ་དག་ལ་བསྐྱར་ཞིབ་བྱེད་རྒྱུ་འགོ་བཙུགས་ཡོད་པ་རེད་འདུག
ཚེས་༩ ཉིན་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱིས་སྤེལ་བའི་བསྒྲགས་གཏམ་ནང་དུ། དེ་སྔོན་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྐབས་སུ། ཁོང་གིས་ཁྲིམས་ཀྱི་འོག་ནས་གནས་ཚུལ་རྣམས་ཕྱི་གསལ་ནང་གསལ་བཟོ་རྒྱུ་ཡིན་པའི་ཁས་ལེན་བྱས་པ་ལྟར། ཁྲིམས་ཞིབ་ལས་ཁང་གི་བྱེད་ལས་དེར་དགའ་བསུ་ཡོད་སྐོར་བརྗོད་འདུག
དེ་ཡང་ཕྱི་ལོ་༢༠༠༡ ལོའི་ཟླ་༩ པའི་ཚེས་༡༡ ཉིན་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཨལ་ཁེའུ་ཌའི་ཚོགས་མི་༡༩ ཡིས་འགྲུལ་པའི་གནམ་གྲུ་བཞི་བཙན་བཟུང་བྱས་ཏེ། ཨ་རིའི་འཛམ་གླིང་ཚོང་ལས་བསྟི་གནས་ཁང་སོགས་ལ་དྲག་རྒོལ་བྱས་ཏེ། མི་གྲངས་༣༠༠༠ ལ་ཉེ་བས་ཚེ་སྲོག་ཤོར་ཡོད་པ་རེད། ཚེ་སྲོག་ཤོར་མཁན་གྱི་ནང་མི་ཚོས་ཕྱི་ལོ་༢༠༠༤ ལོར་དྲག་རྒོལ་དེར་ཞིབ་འཇུག་ཚོགས་ཆུང་གི་ལས་དོན་གྲུབ་པའི་རྗེས་སུ། སོ་ཌི་ཨ་རབ་གཞུང་གི་མི་སྣ་ཁག་ཅིག་གིས་དྲག་རྒོལ་དེར་རྒྱབ་སྐྱོར་བྱས་ཡོད་སྲིད་པའི་དཔང་རྟགས་ཐོན་ཡོད་པས། ཨ་རིའི་གཞུང་ནས་དྲག་རྒོལ་དེའི་ནང་སོ་ཌི་ཨ་རབ་ཀྱི་རྒྱབ་སྐྱོར་ཡོད་མེད་དང་འབྲེལ་བའི་གསང་བའི་ཡིག་ཆ་རྣམས་ཕྱིར་བསྒྲགས་བྱེད་དགོས་པའི་སྐུལ་མ་ལོ་མང་ནས་བྱེད་མུས་ཡིན་པ་རེད་འདུག
༢༠༡༧ ལོར་དྲག་རྒོལ་དེ་ལ་བརྟེན་ནས་གནོད་འཚེ་ཕོག་མཁན་ཚོའི་ནང་མི་རྣམས་ཀྱིས། ཨ་རིའི་ཁྲིམས་ཁང་ཞིག་ཏུ། སོ་ཌི་ཨ་རབ་གཞུང་གིས་རང་ཉིད་ཀྱི་བློན་ཆེན་ལས་ཁང་དང་། ལས་བྱེད། རོགས་སྐྱོར་ཚོགས་པ་སོགས་བརྒྱུད་ནས། འཇིགས་སྐུལ་རིང་ལུགས་པ་ཨལ་ཁེའུ་ཌར་དཔལ་འབྱོར་སོགས་ཀྱི་མཐུན་རྐྱེན་སྦྱར་ཡོད་པའི་ཉེས་འཛུགས་ཁྲིམས་གཏུག་བྱས་ཡོད་འདུག དེ་ཡང་ཉིན་དེའི་དྲག་རྒོལ་སྐབས་གནམ་གྲུ་བཙན་ཁྲིད་བྱེད་མཁན་མི་༡༩ ལས་༡༥ ནི་སོ་ཌི་མི་རིགས་ཡིན་པ་རེད། འོན་ཀྱང་སོ་ཌི་ཨ་རབ་གཞུང་གིས་ད་བར་དུ་ཉེས་འཛུགས་དེར་ངོས་ལེན་ནམ་ཡང་བྱེད་མྱོང་མེད་པ་རེད།
དྲག་རྒོལ་དེ་ནི་ཨ་རིའི་ལོ་རྒྱུས་ནང་། འཇིགས་སྐུལ་པས་དྲག་རྒོལ་ཁྱབ་ཆེ་ཤོས་དེར་ངོས་འཛིན་བྱེད་ཀྱི་ཡོད་ཁར། དེ་ལ་བརྟེན་ནས་ཨ་རིས་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་འཇིགས་སྐུལ་རིང་ལུགས་པ་རྩ་མེད་བཟོ་རྒྱུ་ཡིན་སྐོར་བཤད་པ་དང་། དམག་མི་ཕོན་ཆེན་བཏང་ནས་འཇིགས་སྐུལ་རིང་ལུགས་པར་དམག་བརྒྱབ་ཡོད་ཀྱང་། འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་མང་དུ་ཕྱིན་ཡོད་ཁར། ཡུ་རོབ་སོགས་རྒྱལ་ཁབ་གཞན་ལ་ཡང་དྲག་རྒོལ་གྱི་གནས་ཚུལ་མང་དུ་འགྲོ་བཞིན་ཡོད་པ་རེད། དེ་བཞིན་ཨ་རིས་དམག་རྒྱག་ཡུལ་དེ་དག་ཏུ་ད་ལྟའང་དམག་འཁྲུག་གི་གནས་ཚུལ་འབྱུང་གི་ཡོད་པས་ཞི་བདེ་ལྷིང་འཇགས་མེད་ཁར། དེ་ལ་བརྟེན་ནས་སྐྱབས་བཅོལ་བ་ས་ཡ་མང་པོ་ཞིག་ཡུ་རོབ་རྒྱལ་ཁབ་ཁག་ཏུ་སླེབས་བཞིན་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།
