ཨ་རིའི་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཟུར་བ་ཞིག་རྒྱ་ནག་དང་ངན་འབྲེལ་བྱས་པའི་ནག་ཉེས་འོག་འཛིན་བཟུང་། 

ཨ་རིའི་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཟུར་བ་ཞིག་གིས་འདས་པའི་མི་ལོ་བཅུ་ཕྲག་རིང་རྒྱ་ནག་དང་ངན་འབྲེལ་བྱས་ཏེ་ཨ་རིའི་གལ་ཆེའི་གསང་བ་རྣམས་རྒྱ་ནག་སྤྲད་སྟབས། ཨ་རིའི་གཞུང་ནས་ཁོང་འཛིན་བཟུང་བྱས་ཏེ་ཁྲིམས་ཐག་གཅོད་རྒྱུ་ཡིན་འདུག

ལོ་ན་༦༧ ལ་སོན་པའི་ཨ་ལིག་ཛན་ཌར-ཡོག་ཆོན་མཱ་(Alexander Yuk Chung Ma) ཕྱི་ཟླ་བརྒྱད་པའི་ཚེས་༡༤ ཉིན་ཨ་རིའི་གལ་ཆེའི་གསང་བ་རྣམས་རྒྱ་ནག་ལ་ཕྱིར་འཚོང་བྱས་པའི་ནག་ཉེས་འོག་འཛིན་བཟུང་བྱས་པ་དང་། ཚེ་བཙོན་གྱི་ཉེས་ཆད་ཕོག་སྲིད་པ་ཆགས་ཡོད་འདུག 

ཁོང་ནི་ཧོང་ཀོང་དུ་སྐྱེས་པའི་ཨ་རིའི་མི་སེར་ཞིག་ཡིན་པ་དང་། ཕྱི་ལོ་༡༩༨༢ ནས་༡༩༨༩ ལོའི་བར་ཨ་རིའི་གསང་བའི་ལས་ཁུངས་སུ་ལས་དོན་བསྒྲུབས་རྗེས། ཨ་རིའི་ཉེས་དོན་ཞིབ་བཤེར་ཁང་(FBI)དུ་ལོ་ཙཱ་དང་སྐད་ཡིག་གི་ལས་དོན་སྒྲུབ་མྱོང་ཡོད་འདུག 

ཁོ་དང་ལྷན་དུ་རྒྱ་ནག་གི་ཆེད་དུ་གསང་ཉུལ་གྱི་ལས་ཀ་བྱེད་མཁན་གཞན་ཞིག་ཀྱང་ཡོད་འདུག་པ་དེའང་ཨ་རིའི་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་ཞིག་ཡིན་པ་མ་ཟད། ཁོའི་ཉེ་འབྲེལ་ཞིག་ཀྱང་ཡིན་འདུག འོན་ཀྱང་། ཁོང་ད་ལྟ་སེམས་ཐང་པོ་མེད་པའི་ནད་ཀྱིས་མནར་ཡོད་པར་བརྟེན། ཉེས་ཆད་དང་བཙོན་འཇུག་མེད་པ་མ་ཟད། མིང་ཡང་མ་བཏོན་པར་བཞག་ཡོད་འདུག

རྒྱ་ནག་གི་ཆེད་དུ་གསང་བའི་ལས་དོན་བྱེད་མཁན་ཁོས་ཕྱི་ལོ་ ༢༠༠༡ ལོར་ཧོང་ཀོང་དུ་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་མི་སྣ་དང་མ་མཐར་ཡང་ཐུགས་འཕྲད་ཐེངས་ ༥ ལྷག་བྱས་ཏེ། ཨ་རིའི་གསང་བའི་ལས་ཁུངས་ཀྱི་མི་སྣ་དང་། ལས་འཆར་སོགས་ཀྱི་གནས་ཚུལ་གལ་ཆེན་རྣམས་ཕྱིར་འཚོང་བྱས་ཡོད་འདུག

ཉེ་བའི་ལོ་ཤས་ནང་། ཊོམ་སྲིད་གཞུང་ནས་རྒྱ་ནག་ལ་སྔར་དང་མི་འདྲ་བའི་དམ་དྲག་དང་དོགས་ཟོན་ཤུགས་ཆེན་བྱེད་ཀྱི་ཡོད་སྟབས། ཨ་རིའི་ནང་དུ་རྒྱ་ནག་དང་འབྲེལ་བའི་ཉེས་དོན་ཧ་ཅང་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། ཨ་རིའི་གསང་བའི་ལས་ཁུངས་ཀྱི་མི་སྣ་མང་པོ་ཞིག་གིས་གལ་ཆེའི་གསང་བ་རྣམས་རྒྱ་ནག་ལ་ཕྱིར་འཚོང་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ནས་འཛིན་བཟུང་བཙོན་འཇུག་དང་། ཁྲིམས་ཐག་གཅོད་བཞིན་ཡོད་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།