ཨ་རིའི་གྲུ་གཟིངས་ལ་གཏོར་རྒོལ་དང་ཡེ་མེན་ནང་ཨ་རི་དང་དབྱིན་ཡུལ་གྱིས་རྒོལ་རྡུང་།

དེ་སྔོན་ཨི་སེ་རེལ་ནང་ཁ་ཆེ་ཧ་མ་སིའི་དྲག་སྤྱོད་པས་གཏོར་རྒོལ་བཏང་བའི་རྐྱེན་གྱིས་ཨི་སེ་རེལ་གྱིས་ཧ་མ་སི་ལ་གཏོར་རྒོལ་རྒྱ་ཆེར་བྱས་ཡོད་པ་དང་། ཨ་རི་དང་དབྱིན་ཡུལ་སོགས་མཐུན་ཕྱོགས་རྒྱལ་ཁབ་དག་གིས་ཨི་སེ་རེལ་ལ་རྒྱབ་སྐྱོར་བྱས་པའི་རྐྱེན་གྱིས་ཁ་ཆེའི་རྒྱལ་ཁབ་དག་གིས་ཨ་རི་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་དག་ལ་སྡང་ཟུག་ཆེན་པོ་བྱེད་བཞིན་ཡོད་འདུག

ཕྱི་ཚེས་༡༦ ཉིན་སྦི་སྦི་སིས་གནས་ཚུལ་སྤེལ་གསལ་ལ་ལྟར་ན། ཉེ་ཆར་ཡེ་མེན་རྒྱལ་ཁབ་ནང་ཡོད་པའི་(Houthi)ཧོ་ཏེ་ཟེར་བའི་དྲག་དཔུང་ཞིག་གིས་ཕྱི་ཚེས་༧ རེས་གཟའ་ཉི་མའི་ཉིན་ཨ་རིའི་ཚོང་ཟོག་དབོར་འདྲེན་གྱི་གྲུ་གཟིངས་ཤིག་ལ་མི་མེད་གནམ་གྲུ་ཡིས་གཏོར་རྒོལ་བཏང་ཡོད་ཀྱང་། མི་གསོད་དོན་རྐྱེན་བྱུང་མི་འདུག སྤྱིར་བཏང་མཚོ་དམར་པོའི་བརྒྱུད་ནས་དངོས་ཟོག་དབོར་འདྲེན་གྱི་གྲུ་གཟིངས་ལ་ལོ་སྔོན་མའི་ཕྱི་ཟླ་༡༡ ནས་འཇིགས་སྐུལ་བྱེད་བཞིན་ཡོད་འདུག་པ་དང་། མཚོ་ལམ་དེ་རྒྱལ་སྤྱིའི་ཚོང་འབྲེལ་ལ་ཧ་ཅང་གལ་ཆེན་པོ་ཡིན་འདུག  རྒྱུ་མཚན་ནི་རང་བྱུང་མ་ཡིན་པའི་མི་ཡིས་བཟོས་པའི་སོ་སི་ཁེ་ནེལ་(Suez Canal)མཚོ་ལམ་བརྒྱུད་ནས་རྒྱལ་སྤྱིའི་དངོས་ཟོག་དབོར་འདྲེན་རྒྱ་ཆེན་བྱེད་ཀྱི་ཡོད་འདུག་པ་དང་། མཚོ་ལམ་དེའི་བརྒྱུད་ནས་སོང་ན་ཨ་རི་དང་ཡུ་རོབ་ནང་སྤྱི་ལེ་༡༨༥༥༥་ལས་འགྲོ་མི་དགོས་པས་ལམ་ཐག་ཉེ་བོ་ཡིན་འདུག གཞན་ལྷོ་ཨ་ཕེ་རི་ཀའི་བརྒྱུད་ནས་སོང་ན་སྤྱི་ལེ་༢༤༨༥༨ ཙམ་འགྲོ་དགོས་པར་བརྟེན་ལམ་ཐག་རིང་པོ་ཡིན་འདུག 

འོན་ཀྱང་། སོ་སེ་མཚོ་ལམ་བརྒྱུད་ནས་འགྲོ་དུས་ཡེ་མེན་རྒྱལ་ཁབ་བརྒྱུད་ནས་འགྲོ་དགོས་པའི་རྐྱེན་གྱིས་ཡེ་མེན་གྱི་དྲག་དཔུང་ཧོ་ཏེ་ཟེར་བ་དེ་ཡིས་ཨི་སེ་རེལ་གྱི་དངོས་ཟོག་དབོར་འདྲེན་གྱི་གྲུ་གཟིངས་བཀག་འགོག་བྱེད་ཐབས་བྱེད་བཞིན་ཡོད་པ་དང་། ཨ་རི་དང་དབྱིན་ཡུལ་གཉིས་ཀྱིས་ཨི་སེ་རེལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་དེ་གཉིས་ཀྱང་འགོག་རྒྱུ་ཡིན་པར་བརྗོད་ནས་ཨ་རིའི་གྲུ་གཟིངས་ལ་མི་མེད་གནམ་གྲུས་གཏོར་རྒོལ་བྱས་ཡོད་འདུག དེ་རིང་ཨ་རིའི་དམག་དཔོན་གྱིས་བརྗོད་དོན་ལ་ཡེ་མེན་གྱི་དྲག་དཔུང་གིས་ཨ་རིའི་གྲུ་གཟིངས་ལ་མི་མེད་གནམ་གྲུས་གཏོར་རྒོལ་གཏོང་ཐབས་བྱས་ཡོད་ཀྱང་། ཡེ་མེན་ནས་བཏང་བའི་མི་མེད་གནམ་གྲུ་འགའ་ཤས་གནམ་ཐོག་ཏུ་ཨ་རིས་གཏོར་ཡོད་པར་བརྗོད་འདུག

བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཨ་རི་དང་དབྱིན་ཡུལ་གཉིས་ཡེ་མེན་ནང་ཁྱོན་དྲག་སྤྱོད་པའི་དམག་གི་རྟེན་གཞི་༡༦ ཙམ་གཏོར་རྒོལ་བཏང་ཡོད་པར་བརྗོད་འདུག་ལ། ཨ་རིའི་སྲིད་འཛིན་གྱིས་བརྗོད་དོན་ལ་ཨ་རིའི་མི་སེར་དང་རྒྱལ་སྤྱིའི་ཚོང་འབྲེལ་གྱི་མཚོ་ལམ་སྲུང་སྐྱོབ་ཆེད་དུ་ཨ་རིའི་ངོས་ནས་རྒོལ་རྡུང་གཏོང་རྒྱུ་ལ་ཐེ་ཚོམ་གང་ཡང་མེད་ཅེས་བརྗོད་འདུག ཧོ་ཏེ་དྲག་དཔུང་གི་( Hussain AlBukaiti)ཟེར་བའི་མི་ཞིག་གིས་སྦི་སྦི་སི་ལ། ཨ་རི་དང་དབྱིན་ཡུལ་གཉིས་ཀྱི་གྲུ་གཟིངས་ལ་གཏོར་རྒོལ་བྱེད་རྒྱུ་ཡིན་པར་བརྗོད་ཡོད་འདུག ཉེ་ཆར་ཨ་རི་དང་དབྱིན་ཡུལ་གྱིས་ཧོ་ཏེའི་དམག་གི་རྟེན་གཞི་༡༦ ལ་གཏོར་རྒོལ་བྱས་རྗེས་ཧོ་ཏེའི་དྲག་དཔུང་གིས་ཨ་རིའི་གྲུ་གཟིངས་ལ་དམིགས་ནས་མཚོན་ཆ་བསྐྱར་དུ་གཡུགས་ཡོད་ཀྱང་། ཨ་རིའི་གནམ་དམག་གིས་བར་སྣང་ཁྲོད་དུ་གཏོར་རྒོལ་བཏང་ཡོད་འདུག་པ་དང་། ད་བར་མཚོ་དམར་པོའི་ནང་ཨ་རི་དང་དབྱིན་ཡུལ་སོགས་ཀྱི་ཚོང་དངོས་དབོར་འདྲེན་གྱི་གྲུ་གཟིངས་༢༡ བཀག་ནས་བཞག་ཡོད་འདུག 

ཧོ་ཏེ་ཟེར་བའི་དྲག་དཔུང་དེ་ཡེ་མེན་རྒྱལ་ཁབ་ནང་ཡོད་པའི་དམག་མིའི་ཤོག་ཁག་གམ་དང་སྲིད་དོན་ཚོགས་པ་ཞིག་ཡིན་འདུག་པ་དང་། དེ་ཡི་རྒྱབ་ཏུ་ཨེ་རན་གཙོས་པའི་ཁ་ཆེའི་རྒྱལ་ཁབ་མང་པོ་ཡོད་འདུག ཡེ་མེན་ནང་ཨ་རི་དང་དབྱིན་ཇིས་གཏོར་རྒོལ་བྱས་པའི་རྐྱེན་གྱིས་ཡེ་མེན་གྱི་རྒྱལ་སའི་ནང་མི་མང་གིས་ཨ་རི་ལ་ངོ་རྒོལ་རྒྱ་ཆེན་བྱེད་བཞིན་ཡོད་འདུག་པར་བརྟེན། ཧོ་ཏེ་དྲག་དཔུང་གིས་མི་མང་ལ་རྒྱབ་སྐྱོར་ཆེད་དུ་ཨ་རི་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་དག་ལ་གཏོར་རྒོལ་གཏོང་སྲིད་པ་ཡིན་འདུག་པས། གལ་སྲིད་གཏོར་རྒོལ་རིགས་བྱས་ཚེ་མངའ་ཁུལ་དེ་དག་གི་ནང་ཨུ་རུ་སུ་དང་ཡུག་རེན་ལས་གཞི་རྒྱ་ཆེ་བའི་དམག་འཁྲུག་ཞིག་ཡོང་སྲིད་པ་སྲིད་དོན་དཔྱད་བརྗོད་པ་དག་གིས་རྗོད་བཞིན་འདུག་ལ། ད་ཆར་ཨེ་སེ་རེལ་དང་ཧ་མ་སིའི་དམག་འཁྲུག་དེས་རྐྱེན་པས་དཀྱིལ་ཤར་ཡུལ་གྲུ་ཁག་ལ་དམག་འཁྲུག་ཁྱབ་གདལ་འགྲོ་སྲིད་པར་རྗོད་བཞིན་འདུག 

མཚོ་དམར་པོའི་བརྒྱུད་དུ་དོན་རྐྱེན་དེ་ལ་བརྟེན་ནས་རྒྱལ་སྤྱིའི་ཚོང་དོན་ལ་གྱོང་གུད་ཕོག་འགོ་བཙུགས་ཟིན་པ་དང། དེ་ཡང་ད་ཆར་རྒྱལ་སྤྱིའི་དངོས་ཟོག་དབོར་འདྲེན་བྱེད་མཁན་གྱི་གྲུ་གཟིངས་བརྒྱ་ཆ་༢༠ ཙམ་ཞིག་ལྷོ་ཨ་ཧྥི་རི་ཀའི་བརྒྱུད་ནས་འགྲོ་འགོ་འཛུགས་བཞིན་ཡོད་ཅིང་། སོ་སེའི་མཚོ་ལམ་བརྒྱུད་ནས་འགྲོ་རྒྱུར་འཇིགས་སྣང་བྱེད་བཞིན་ཡོད་འདུག།

གསར་འགོད་པ། བསོད་ནམས་ཕུན་ཚོགས།