ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཞིག་ནས་རྒྱ་ནག་གིས་བོད་ཀྱི་ཆུའི་ཐོན་ཁུངས་ལ་ཚོད་འཛིན་བྱེད་པའི་ཉེན་ཁ་ལ་ཞིབ་འཇུག་གི་སྙན་ཐོ་འདོན་དགོས་པའི་བཟོ་བཅོས་ཁྲིམས་འཆར་ཞིག་བཏོན་ཡོད་འདུག
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཞིག་ནས་རྒྱ་ནག་གིས་བོད་ནང་ཐབས་ཇུས་ལྡན་པའི་དམག་དོན་གྱི་ལས་གཞི་ཤུགས་ཆེན་སྤེལ་བཞིན་པར་སེམས་འཚབ་དང་། ཨ་རིའི་རྒྱལ་སྲུང་དབང་ཆའི་ཁྲིམས་ཡིག་ནང་། བོད་མཐོ་སྒང་དུ་རྒྱ་ནག་གི་དམག་དཔུང་གི་གནས་ཡུལ་དང་། འཛུགས་སྐྲུན་ཤུགས་ཆེ་རུ་འགྲོ་བཞིན་པ། དེ་བཞིན་བོད་ཀྱི་ཆུའི་ཐོན་ཁུངས་ལ་ཚོད་འཛིན་བྱེད་པའི་ཉེན་ཁ་ལ་ཞིབ་འཇུག་གིས་སྙན་ཐོ་འདོན་དགོས་པའི་བཟོ་བཅོས་ཁྲིམས་འཆར་ཞིག་བཏོན་ཡོད་འདུག

ཟླ་འདིའི་ཚེས་༡༤ ཉིན། ཨ་རིའི་ནེ་ཝ་ཌ་མངའ་སྡེ་ནས་ཡིན་པའི་གྲོས་ཚོགས་གོང་མའི་འཐུས་མི་༼Jacky Rosen༽ མཆོག་གིས་སྒེར་གྱི་དྲྭ་ཚིགས་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། རྩིས་ལོ་༢༠༢༦ གི་ ཨ་རིའི་རྒྱལ་སྲུང་དབང་ཆའི་ཁྲིམས་ཡིག་༼National Defense Authorization Act༽ ཞེས་པའི་ནང་། ཨ་རིའི་རྒྱལ་སྲུང་ལྷན་ཁང་ནས་རྒྱ་ནག་གིས་བོད་མཐོ་སྒང་དུ་ལག་བསྟར་བྱེད་བཞིན་པའི་དམག་དོན་འཐབ་ཇུས་ཀྱི་སྐོར་སྙན་ཞུ་ཞིབ་རྒྱས་ཤིག་འགོད་དགོས་པ་དང་། རྒྱལ་སྲུང་ལས་ཁུངས་ལ་བོད་མཐོ་སྒང་གི་རང་བྱུང་ཐོན་ཁུངས་དང་། ལྷག་པར་དུ་ཆུའི་ཐོན་ཁུངས་ལ་རྒྱ་ནག་གིས་ཚོད་འཛིན་བྱེད་པ་ལས་བསྐྱེད་པའི་ཉེན་ཁར་དབྱེ་ཞིབ་བྱེད་དགོས་པའི་ལམ་སྟོན་གནང་ཡོད་འདུག
ཨ་རིའི་ནང་རྟེན་གཞི་བྱས་པའི་བོད་དོན་ལས་འགུལ་ཁང་གིས་ལྕམ་སྐུ་ཁོང་ལ་ཐུགས་རྗེ་ཆེ་དང་། གྲོས་ཚོགས་འོག་མས་ཀྱང་དེ་མཚུངས་ལག་བསྟར་གནང་རྒྱུ་ལ་འབོད་སྐུལ་ནན་པོ་ཞུས་ཡོད་འདུག ལྕམ་སྐུ་རོ་སེན་༼Rosen༽ ལགས་ཀྱིས་ཆེད་བཏོན་གནང་བའི་བཟོ་བཅོས་ཁྲིམས་འཆར་དེའི་ནང་དུ། སྤྱི་ཡོངས་ནས་ཨ་རི་དང་སྒོས་སུ་གྲོས་ཚོགས་འཐུས་མི་ཁོང་གི་མངའ་སྡེ་༼Nevada༽ ནང་གི་དམག་དོན་དང་རྒྱལ་སྲུང་སོགས་འབྲེལ་ཡོད་གནད་དོན་༣༠ ཙམ་གྱི་ཐོག་ལག་བསྟར་དགོས་པའི་དགོས་འདུན་དོན་ཚན་ཁག་གཅིག་བཏོན་ཡོད་འདུག
སྤྱིར་ཨ་རིའི་རྒྱལ་སྲུང་དབང་ཆའི་ཁྲིམས་ཡིག་ཅེས་པ་དེ་ནི། ཨ་རིའི་རྒྱལ་སྲུང་གི་ལོ་འཁོར་འགྲོ་གྲོན་སོགས་ཀྱི་ཐད་གྲོས་ཚོགས་ནས་དབང་ཆ་སྤྲོད་པའི་ཁྲིམས་ཡིག་ཅིག་ཡིན་ཞིང་། དེས་རྒྱལ་སྲུང་ལས་ཁུངས་༼Department of Defense༽ དང་འབྲེལ་ཡོད་རྒྱལ་སྲུང་གི་བྱེད་སྒོ་གཞན་ཏེ། ནུས་ཤུགས་ལས་ཁུངས་ཀྱི་རྡུལ་ཕྲན་མཚོན་ཆ་སོགས་དང་འབྲེལ་བའི་འགྲོ་གྲོན་དང་བྱེད་སྒོའི་སྔོན་རྩིས་ལ་དབང་ཆ་སྤྲོད་ཀྱི་ཡོད་པ་མ་ཟད། དེས་དམག་དོན་གྱི་ལས་དོན་དང་། མི་སྣ། གོ་མཚོན་ཉོ་སྒྲུབ་བཅས་ཀྱི་སྲིད་ཇུས་གཏན་འབེབས་དང་ཁྲིམས་མཐུན་གྱི་སྒྲོམ་གཞི་འདོན་སྤྲོད་བྱེད་ཀྱི་ཡོད་པས། དོན་དངོས་སུ་དེ་ནི་དམག་དོན་གྱིས་ཅི་ཞིག་བྱེད་ཐུབ་པ་དང་དངུལ་ག་ཚོད་སྤྲོད་ཐུབ་མིན་གྱི་ལོ་འཁོར་གྱི་ཁྲིམས་ཡིག་ཅིག་ཡིན་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།
