ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་འགས་ཐའེ་ཝན་དང་འབྲེལ་ཏེ་རྒྱ་ནག་གི་གནོན་ཤུགས་ལ་གདོང་ལེན་ཆེད་ཁྲིམས་འཆར་ཞིག་བཏོན།
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་འགས་རྒྱ་ནག་གི་གནོན་ཤུགས་ལ་གདོང་ལེན་དང་། ཐའེ་ཝན་དང་ཕྱི་འབྲེལ་རྒྱུན་འཁྱོངས་བྱེད་མཁན་ལ་ཏིན་ཨ་མེ་རི་ཀ་དང་ཁེ་རི་བྷེན་གྱི་རྒྱལ་ཁབ་ཁག་ལ་རྒྱབ་སྐྱོར་བྱེད་ཆེད་ཁྲིམས་འཆར་ཞིག་བཏོན་འདུག

ཟླ་འདིའི་ཚེས་༥ ཉིན། ཐའེ་ཝན་གྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཀྱི་ཉིན། ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཇེཧྥ་མར་ཁི་ལེ་༼Jeff Merkley༽ དང་ཊིན་ཁེན༼Tim Kaine༽ ། དེ་བཞིན་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཇོན་ཁར་ཊི་སི་༼John Curtis༽ དང་པིཊ་རི་ཀེཊསི་༼Pete Ricketts༽ བཅས་བཞི་ཡིས། རྒྱ་ནག་གི་གནོན་ཤུགས་ལ་གདོང་ལེན་དང་། ལ་ཊིན་ཨ་མེ་རི་ཀ་དང་ཁེ་རི་བྷེན་མངའ་ཁུལ་དུ་ཡོད་པའི་ཐའེ་ཝན་གྱི་མཐུན་ཕྱོགས་རྒྱལ་ཁབ་ཁག་ལ་རྒྱབ་སྐྱོར་བྱེད་ཆེད་ཁྲིམས་འཆར་ཞིག་བཏོན་འདུག
ཁྲིམས་འཆར་གྱི་ཡིག་ཆའི་ནང་དུ། ཐའེ་ཝན་དང་ཕྱི་འབྲེལ་གྱི་འབྲེལ་བ་རྒྱུན་འཁྱོངས་བྱེད་མཁན་གྱི་ལ་ཏིན་ཨ་མེ་རི་ཀ་དང་ཁེ་རི་བྷེན་གྱི་རྒྱལ་ཁབ་ཁག་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འབྲེལ་བ་དེ་དག་གཅོད་དུ་འཇུག་པའི་བཙན་ཤེད་དམ་གནོན་ཤུགས་སྤྲོད་པའི་བྱ་སྤྱོད་ལ་གདོང་ལེན་བྱ་རྒྱུ་ནི་ཁྲིམས་འཆར་གྱི་དམིགས་ཡུལ་གཙོ་བོ་ཡིན་ཞེས་གསལ་པོ་བཀོད་ཡོད་འདུག
གྲོས་ཚོགས་འཐུས་མི་རྣམས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་ནག་གིས་ཐའེ་ཝན་ལ་དམག་དོན་དང་ཕྱི་འབྲེལ་གྱི་བཙན་རྒོལ་ཤུགས་ཆེ་རུ་གཏོང་བཞིན་པའི་སྐབས་འདིར་ཁྲིམས་འཆར་འདི་བཏོན་ཡོད་པ་དང་། རྒྱ་ནག་གིས་མངའ་ཁུལ་དེའི་ཐའེ་ཝན་གྱི་མཐུན་ཕྱོགས་རྒྱལ་ཁབ་ཁག་ལ་ཕྱི་འབྲེལ་མཚམས་འཇོག་བྱེད་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད་པར་བརྗོད་འདུག
ད་ལྟའི་ཆར་ཐའེ་ཝན་ལ་མངའ་ཁུལ་དེར་མཐུན་ཕྱོགས་རྒྱལ་ཁབ་བེ་ལིཛ་༼Belize༽དང་། གྷོ་ཊི་མ་ལ་ (Guatemala)། ཧའི་ཏི་༼Haiti༽། པེ་ར་གུ་ཡེ་༼Paraguay༽། སེནྜ་ཁིཊསི་དང་ནེ་ཝིས་༼Saint Kitts and Nevis༽། སེནྜ་ལུ་ཤི་ཡ་ ༼Saint Lucia༽། དེ་བཞིན་སེནྜ་ཝིན་སེནྜ་དང་གྷེ་རེ་ན་ཌིན་སི་ ༼Saint Vincent and the Grenadines༽ བཅས་རྒྱལ་ཁབ་བདུན་ལྷག་ཡོད་འདུག
ཁྲིམས་འཆར་གྱི་ནང་། རྒྱ་གཞུང་གིས་མངོན་པར་མི་གསལ་བའི་ཐོག་རྒྱལ་ཁབ་དེ་དག་དང་འཕེལ་རྒྱལ་དང་འབྲེལ་བའི་གྲོས་མཐུན་བཞག་པ་དང་། གསང་བའི་ངང་གནོན་ཤུགས་བེད་སྤྱད་ནས་ཐའེ་ཝན་དང་ཕྱི་འབྲེལ་གྱི་འབྲེལ་ཐག་གཅོད་དགོས་པའི་གནོན་ཤུགས་སྤྲད་ཡོད་ཅེས་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་གཞུང་གིས་ཐའེ་ཝན་དང་ཕྱི་འབྲེལ་གྱི་འབྲེལ་བ་མཚམས་འཇོག་བྱ་རྒྱུའི་བྱ་སྤྱོད་སྤེལ་བཞིན་པ་སྟེ། ལ་ཏིན་ཨ་མེ་རི་ཀའི་སྲིད་གཞུང་ཁག་གི་སྐོར་ལ་ཟླ་བ་དྲུག་རེའི་ནང་གནས་སྟངས་སྙན་ཐོ་རེ་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་སུ་འབུལ་དགོས་པ་དང་། ཕྱི་སྲིད་དྲུང་ཆེས་རྒྱལ་ཁབ་ཅིག་གིས་འབྲེལ་བ་གཅོད་རྒྱུའི་འཆར་གཞི་ཡོད་པ་ཤེས་རྟོགས་བྱུང་ནས་ཉིན་གྲངས་༣༠ ནང་ཚུན་དུ། ཐའེ་ཝན་དང་འབྲེལ་བ་རྒྱུན་འཁྱོངས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུའི་འཆར་གཞི་ཞིབ་ཕྲ་ཞིག་ཀྱང་འབུལ་དགོས་པར་བཀོད་ཡོད་འདུག
གྲོས་ཚོགས་འཐུས་མི་མཱར་ཁི་ལེས་༼Merkley༽ རྒྱ་ནག་གིས་རྒྱལ་ཁབ་ཁག་ལ་ཐའེ་ཝན་དོར་དགོས་པའི་འཇིགས་སྐུལ་བྱེད་པའི་ལས་འགུལ་འདི་ནི། བཙན་ཤེད་དང་གསང་བའི་གྲོས་མཐུན་བརྒྱུད་ནས་འཛམ་གླིང་གི་སྒྲིག་ལམ་བསྐྱར་འགོད་བྱེད་པའི་ཁོང་ཚོའི་འབད་བརྩོན་གྱི་ཆ་ཤས་ཤིག་རེད་ཅེས་དང་། ཆབ་སྲིད་ཚོགས་པ་གཉིས་ཀྱི་རྒྱབ་སྐྱོར་ཡོད་པའི་ཁྲིམས་འཆར་དེས་ཐའེ་ཝན་དང་འབྲེལ་བ་རྒྱུན་སྐྱོང་བྱ་རྒྱུ་འདེམས་མཁན་གྱི་སྲིད་གཞུང་ཁག་ལ་རྒྱབ་སྐྱོར་བྱས་ནས་རྒྱ་ནག་གི་གནོན་ཤུགས་ལ་གདོང་ལེན་བྱེད་ཀྱི་ཡོད་པ་དང་། དེ་བཞིན་རྒྱལ་ཁབ་ཚང་མ་ལ་རྒྱ་ནག་གི་དགྲ་ལན་ལ་དོགས་པ་མེད་པར་རང་གི་མཐུན་ཕྱོགས་རྒྱལ་ཁབ་འདེམས་པའི་རང་དབང་ཡོད་པ་གསལ་སྟོན་བྱེད་ཀྱི་ཡོད་ཅེས་བརྗོད་འདུག
གཞན་ཡང་ཁར་ཊིསི་ཡིས་༼Curtis༽། ཁྲིམས་འཆར་འདིས་ཨ་རིས་རྒྱ་ནག་གི་བཙན་ཤེད་ཀྱི་བྱ་ཐབས་ལ་ལྟ་རྟོག་བྱེད་པ་ཙམ་མ་ཡིན་པར། གསལ་སྟོན་དང་འགན་འཁུར། འཐབ་ཇུས་ཀྱི་མཐུན་སྦྱོར་བཅས་ཀྱི་ཐོག་ནས་ཧུར་ཐག་གིས་ཡ་ལན་བྱེད་བཞིན་པ་འགན་ལེན་བྱེད་ཀྱི་ཡོད་པ་མ་ཟད། ཨ་རི་མཐུན་ཕྱོགས་དང་མཉམ་དུ་ལངས་ཡོད་པ་དང་། མི་གཅིག་དབང་འཛིན་རིང་ལུགས་པའི་གནོན་ཤུགས་ཀྱིས་བདག་དབང་ལྡན་པའི་རྒྱལ་ཁབ་ཁག་གི་གདམ་ཀར་ཐེ་གཏོགས་བྱེད་དུ་འཇུག་རྒྱུ་མིན་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་ཀྱི་ཡོད་ཅེས་བརྗོད་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།