ཨ་རིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་འཆར་བཏོན་འདུག
ཨ་རིའི་གྲོས་ཚོགས་ནང་སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མི་ཟུང་སྦྲེལ་ཐོག་ནས་ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་ནང་བོད་མིའི་གནད་དོན་དེ་ཆ་རྐྱེན་གལ་ཆེན་ཞིག་བརྩི་དགོས་པ་དང་། དེ་བཞིན་རྒྱ་ནག་ལ་ཡང་དག་པའི་བོད་རང་སྐྱོང་ཡོང་ཐབས་སུ་འབད་དགོས་པའི་སྐུལ་མའི་གྲོས་འཆར་ཞིག་བཏོན་ཡོད་འདུག
ཟླ་༡༡ པའི་ཚེས་༢ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་བདུན་ཕྲག་རྗེས་མ་ནས་ཉིན་གྲངས་༡༢ ཀྱི་རིང་། ཨེ་ཤི་ཡའི་རྒྱལ་ཁབ་ཉི་ཧོང་དང་ལྷོ་ཀོ་རི་ཡ། རྒྱ་ནག ཝི་ཏི་ནམ། ཧྥེ་ལི་པེན་བཅས་ལ་སྐོར་བསྐྱོད་འགྲོ་རྒྱུ་ཡིན་པ་དང་བསྟུན། ཨ་རིའི་གྲོས་ཚོགས་ནང་སྲིད་དོན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འོག་མའི་འཐུས་མི་བཞི་ཟུང་སྦྲེལ་གྱིས། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ནང་བོད་མིའི་གནད་དོན་དེ་ཆ་རྐྱེན་གལ་ཆེན་ཞིག་བརྩི་དགོས་པ་དང་། དེ་བཞིན་བོད་ནང་གི་ཆབ་སྲིད་བཙོན་པ་ཚང་མ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་མྱུར་དུ་གློད་གྲོལ་དགོས་པ། རྒྱ་ནག་གཞུང་ལ་༧གོང་ས་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བྱས་ཏེ། བོད་དོན་སེལ་ཐབས་བྱེད་དགོས་པའི་སྐུལ་མ་བྱས་ཡོད་འདུག
དེ་བཞིན་གྲོས་འཆར་དེའི་ནང་ལྷ་སར་འགྲོ་མཁན་ཨ་རིའི་མི་སེར་ལ་རོགས་སྐྱོར་དང་། བོད་ནང་གི་ཆབ་སྲིད་དང་དཔལ་འབྱོར། རིག་གཞུང་སོགས་ཀྱི་འཕེལ་ཕྱོགས་ལ་རྟོག་ཞིབ་བྱེད་ཆེད། ཨ་རིའི་ལས་ཁུངས་ཤིག་འཛུགས་རྒྱུའི་དགོས་འདུན་ཡང་བཏོན་ཡོད་འདུག
གྲོས་འཆར་འདོན་མཁན་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་ཨི་ལི་ན་རོ་སེ་ལི་ཀྲེན་(Ileana Ros-Lehtinen)དང་སྐུ་ཞབས་ཀྲེཌ་ཡོ་ཧོ(Ted Yoho)། མང་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨི་ལོ་ཀྲེ་ཨེན་ཇེལ་(Eliot Engel)དང་བྷེ་རེཌ་ཤེར་མན་(Brad Sherman) བཅས་ཡིན་འདུག
གྲོས་ཚོགས་འཐུས་མི་ལྕམ་ཨི་ལི་ན་རོ་སེ་ལི་ཀྲེན་གྱིས། ཨ་རིའི་སྲིད་འཛིན་ཊོམ་རྒྱ་ནག་ལ་བདུན་ཕྲག་རྗེས་མར་བསྐྱོད་ཀྱི་ཡོད་པ་དང་བསྟུན། གྲོས་འཆར་དེས་རྒྱ་ནག་དང་ཨ་རིའི་འབྲེལ་ལམ་ནང་བོད་ཀྱི་སྲིད་ཇུས་ཐོག་གི་ལམ་སྟོན་གསལ་པོ་ཞིག་བསྟན་ཡོད་པ་དང་། དེ་བཞིན་ཨ་རིས་རྒྱ་ནག་གི་ཐུབ་ཚོད་ག་རེ་ལ་ཁ་གཏད་གཅོག་དགོས་པ་ཡང་བཏོན་ཡོད་སྐོར་བརྗོད་ནས། ༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱིས་གསེར་གྱི་རྟགས་མ་ཕུལ་ནས་ལོ་ངོ་༡༠ འཁོར་བ་སྲུང་བརྩི་བྱེད་བཞིན་པ་དང་བསྟུན། ཨ་རིས་རྒྱ་ནག་གི་ཉེན་ཚབས་ཆེ་བའི་སྤྱོད་པ་དེ་འགྱུར་བ་བཏང་ནས། བོད་དང་རྒྱ་ནག་གཉིས་ཀྱི་དཀའ་རྙོག་སེལ་ཆེད། བོད་མིར་ཡང་དག་པའི་རང་སྐྱོང་ཚུད་པའི་གྲོས་མཐུན་གྱི་ཐབས་ལམ་ཞིག་ཡོང་བའི་སྲིད་ཇུས་འཛིན་དགོས་སྐོར་བརྗོད་འདུག
གྲོས་ཚོགས་འཐུས་མི་སྐུ་ཞབས་ཨི་ལོ་ཀྲེ་ཨེན་ཇེལ་གྱིས། རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་བོད་མིར་གཉའ་གནོན་བྱེད་ཀྱི་ཡོད་པ་དེ་ནི་ཤུགས་ཆེ་རུ་དང་གདུག་རྩུབ་ཆེ་རུ་འགྲོ་བཞིན་ཡོད་པས། ཐེངས་འདིར་སྲིད་འཛིན་ཊོམ་རྒྱ་ནག་ཏུ་བསྐྱོད་སྐབས། ཁོང་གིས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རིན་ཐང་ནི་ཨ་རིའི་ཕྱི་སྲིད་ཀྱི་སྲིད་ཇུས་ནང་གྲུབ་ཆ་གཙོ་བོ་ཡིན་པ་གསལ་པོ་བཟོ་བའི་རེ་བ་ཡོད། ཨ་རིའི་གྲོས་ཚོགས་ནས་ལོ་མང་རིང་བོད་མིར་རྒྱབ་སྐྱོར་བྱས་ཡོད་པ་བཞིན། གྲོས་འཆར་དེ་བརྒྱུད་ནས་ཊོམ་སྲིད་གཞུང་གིས་མུ་མཐུད་ནས་བོད་མི་ཚོར་རང་ཉིད་ཀྱི་ཐུན་མིན་རིག་གཞུང་གི་ངོ་བོ་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་དགོས་པའི་དགོས་འདུན་འདོན་གྱི་ཡོད་སྐོར་བརྗོད་ཡོད་འདུག
སྤྱིར་དེ་སྔོན་ནས་ཐེངས་མང་པོར་ཨ་རིའི་གྲོས་ཚོགས་ནང་བོད་དོན་ཐད་སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མི་ཟུང་སྦྲེལ་ཐོག་ནས་གྲོས་འཆར་བཏོན་པ་དང་གླེང་སླེང་བྱེད་མྱོང་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།
