ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱའི་སློབ་མ་རྣམས་ཨ་རིར་ཚན་རྩལ་སློབ་སྦྱོང་བྱེད་དུ་འཇུག་མི་ཉན་ཚུལ་བརྗོད་འདུག
ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ཉེན་ཁྲོད། ཨ་རྒྱའི་འགལ་བ་སྔར་བས་ཀྱང་དྲག་ཏུ་འགྱུར་བཞིན་པའི་དུས་འདིར། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཋོམ-ཁོ་ཋོན་(Tom Cotton)གྱིས་རྒྱ་ནག་གི་སློབ་མ་རྣམས་ཨ་རིར་ཚན་རྩལ་སློབ་སྦྱོང་བྱེད་དུ་འཇུག་རྒྱུ་མེད་ཚུལ་བརྗོད་འདུག
ཟླ་ ༤ ཨ་རིའི་ཚེས་ ༢༦ རེས་གཟའ་ཉི་མའི་ཉིན་ཧྥོ་ཁི་སི་གསར་ཁང་(Fox News)ནས་གྲོས་ཚོགས་གོང་མའི་འཐུས་མི་ཋོམ-ཁོ་ཋོན་ལ་བཅར་འདྲི་ཞིག་བྱས་པའི་ནང་། ཁོང་གིས་རྒྱ་ནག་གི་སློབ་མ་རྣམས་ཨ་རིར་ཚན་རྩལ་སློབ་སྦྱོང་བྱེད་དུ་འཇུག་མི་ཉན་ཚུལ་བཤད་པའི་ཐོག རྒྱ་ནག་གིས་ཨ་རིའི་ས་ནས་སྔོན་འགོག་སྨན་རྐུ་ཐབས་བྱེད་ཀྱིན་ཡོད་པར་དོགས་པ་བྱེད་མི་དགོས་སྐོར་སྨྲས་འདུག
ཁོང་གིས་“ཡོངས་ཁྱབ་ནད་ཡམས་ཀྱི་ཁྲོད་དུ། འཛམ་གླིང་སྟེང་གི་རྣམ་དཔྱོད་ཀྱི་ཐོན་རྫས་ཆེས་རིན་ཐང་ཆེ་ཤོས་དེ་གང་རེད་ཟེར་ན། དེ་ནི་ང་ཚོའི་ཕུལ་དུ་བྱུང་བའི་རྫས་སྦྱོར་བརྟག་དཔྱད་ཁང་དང་། བཟོ་ཚོང་ཁང་རྣམས་ཀྱིས་ཉམས་ཞིབ་བྱེད་ཀྱིན་པའི་སྨན་རྫས་དང་སྔོན་འགོག་སྨན་རེད་”ཅེས་བརྗོད་རྗེས། “དེར་བརྟེན་རྒྱ་ནག་གསང་བའི་ལས་ཁུངས་ཀྱིས་ཨ་རིའི་རྣམ་དཔྱོད་ཀྱི་ཐོན་རྫས་དེ་དག་རྐུ་བའི་འབད་བརྩོན་བྱེད་ཀྱིན་ཡོད་མེད་ལ་དོགས་པ་ཞིག་མེད། རྒྱུ་མཚན་གང་ཡིན་ཟེར་ན། དེ་ནི་ཁོ་ཚོས་འཛམ་གླིང་ལ་ཁྱབ་ཏུ་བཅུག་པའི་ནད་འབུ་དང་འབྲེལ་བ་ཡོད་ཅིང་། ཁོ་ཚོས་རང་ཉིད་ཀྱིས་བཅོས་ཐབས་སམ་སྔོན་འགོག་སྨན་གསར་རྙེད་བྱེད་མཁན་གྱི་རྒྱལ་ཁབ་དེའི་མིང་འཁུར་འདོད་ཡོད་པ་དང་། དེ་ནས་དེ་བཙན་ཤེད་ཀྱི་ལག་ཆར་བཀོལ་ཏེ་འཛམ་གླིང་ལ་ཁ་གཏད་གཅོག་ངེས་”ཞེས་མུ་མཐུད་འདུག
དེ་མིན་ད་དུང་ཁོང་གིས་ཨ་རིའི་ཤེས་ཡོན་ལྟེ་གནས་ཁང་རྣམས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་མི་སྤྱང་གྲུང་ཆེ་ཤོས་རྣམས་ལ་ཤེས་ཡོན་ལག་རྩལ་བསླབས་རྗེས། ཁོ་ཚོ་ཕྱིར་ལོག་སྟེ་ཨ་རིའི་ལས་ཀ་རྐུ་བ་དང་། “ཨ་རིའི་མི་མང་ཚོར་ཁ་གཏད་གཅོད་བྱེད་ཀྱི་མཚོན་ཆ་དང་ལག་ཆ་གཞན་བཟོ་སྐྲུན་བྱེད་ཀྱི་ཡོད་”པ་དེ་ནི་ངོ་ཚ་དགོས་པའི་གནས་སྟངས་ཤིག་ཡིན་ཚུལ་བརྗོད་འདུག
དེ་དང་འབྲེལ་བའི་ཐོག་ལ་ཁོང་གིས་བརྗོད་དོན། “དེར་བརྟེན་ངས་བལྟས་ན། ང་ཚོས་ཨ་རིར་སློབ་སྦྱོང་བྱེད་དུ་ཡོང་མཁན་གྱི་རྒྱ་མི་རྣམས་ལ་སྟེར་རྒྱུའི་ཐོན་མཆན་ལ་གཟབ་ནན་གྱིས་བལྟ་དགོས་ཀྱི་འདུག ལྷག་པར་དུ་མཐོ་རིམ་ཚན་རིག་དང་འཕྲུལ་རྩལ་སྦྱོང་དུ་ཡོང་མཁན་ཚོར་བལྟ་དགོས་ཀྱི་འདུག
“གལ་སྲིད་རྒྱ་ནག་གི་སློབ་མ་རྣམས་ཡོང་ནས་སྤྱི་འཐུན་སྲིད་གཞུང་གི་ལམ་ལུགས་དང་། ཤེ་ཁི་སི་ཕར་(Shakespeare)སྐོར་ལ་སློབ་སྦྱོང་བྱེད་འདོད་ན། དེ་ནི་ཁོ་ཚོས་ཨ་རིའི་ས་ནས་སྦྱོང་དགོས་པ་ཞིག་རེད། [ཡིན་ན་ཡང་།] ཁོ་ཚོས་ཨ་རིའི་ས་ནས་ཀོན་ཊོམ་(quantum computing)དང་ཚན་རྩལ་སྦྱོང་མི་དགོས།”
ད་ལྟ་འཛམ་གླིང་ཁྱོན་ལ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པ་ས་ཡ་ ༣ ཟིན་ལ་ཉེ་ཞིང་། དེ་ལ་བརྟེན་ནས་ཤི་བའི་གྲངས་ཀ་འབུམ་གཉིས་དང་དྲུག་སྟོང་ལྷག་ཟིན་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།
