ཨ་རིའི་གྲོས་ཚོགས་འཐུས་མི་གཉིས་ནས་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཐད་རེ་སྐུལ་ཞུ་ཡིག་ཕུལ་འདུག 

ཟླ་༡༡ པའི་ཚེས་༣༠ ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་དང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེབ་མེག་ལེ་གཉིས་ཀྱིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཝོལ་ཀར་ཊར་ཀི་ལ་རེ་སྐུལ་ཞུ་ཡིག་ཅིག་ཕུལ་ཏེ།རྒྱ་ནག་གཞུང་གིས་བོད་ནང་ལོ་ ༦ ནས་ ༡༨ ལ་སོན་པའི་བོད་པའི་སློབ་ཕྲུག་བརྒྱ་ཆ་ ༨༠ ལྷག་ཕ་མ་དང་ཁ་བྲལ་བཅུག་སྟེ། རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་གི་ནང་བཏང་སྟེ་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་བཞིན་ཡོད་པ་མ་ཟད། ཆབ་སྲིད་ཀྱི་སློབ་གསོ་དེ་བརྒྱུད་བོད་པའི་ངོ་བོའི་རྩ་བ་སྟེ་ཆོས་དང་རིག་གཞུང་། སྐད་ཡིག  ཡུལ་སྲོལ་གོམས་གཤིས་སོགས་རྩ་གཏོར་དུ་གཏོང་བཞིན་པའི་སྐོར་རྟོག་ཞིབ་ནན་མོ་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་འདུག 

དེ་ཡང་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་དང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེབ་མེག་ལེ་གཉིས་ཀྱིས། བོད་དོན་ལས་འགུལ་བསྟི་གནས་ཁང་གིས་ཕྱི་ལོ་ ༢༠༢༡ ལོར་བཏོན་པའི་སྙན་ཐོ་གཞིར་བཞག་ཐོག་རྒྱ་ནག་གཞུང་གིས་བོད་ནང་ལོ་ ༦ ནས་ ༡༨ ལ་སོན་པའི་བོད་པའི་སློབ་ཕྲུག་རྣམས་ཕ་མ་དང་ཁ་བྲལ་བཅུག་སྟེ་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་གི་ནང་བཏང་བ་ནི་གཙོ་བོ་བོད་པའི་སློབ་ཕྲུག་རྣམས་ལ་རྒྱ་ཡིག་སྦྱོང་དུ་བཅུག་ནས་བོད་ཀྱི་སྐད་ཡིག་རྒྱ་ནག་ཅན་དུ་བསྒྱུར་ཐབས་ཡིན་པའི་སྐོར་གསུངས་ཡོད་འདུག 

བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ཀྱིས། ཨ་རིའི་གྲོས་ཚོགས་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱ་ནག་གཞུང་གིས་བོད་ནང་བཙན་དབང་གིས་བོད་པའི་སློབ་ཕྲུག་རྣམས་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་གི་ནང་བཏང་སྟེ་སློབ་ཕྲུག་རྣམས་ཕ་མ་དང་ཁ་བྲལ་བཅུག་ཡོད་པའི་སྐོར་རྟོག་ཞིབ་ནན་མོ་གནང་དགོས་པའི་འབོད་སྐུལ་གནང་བར་ཐུགས་རྗེ་ཆེ་ཞེས་དང་། རྒྱ་ནག་གཞུང་གིས་བོད་ནང་བཙན་དབང་གིས་བོད་པའི་སློབ་ཕྲུག་རྣམས་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་གི་ནང་བཏང་བ་ནི་གྲངས་ཉུང་མི་རིགས་དང་། ལྷག་པར་བོད་མི་རྣམས་ལ་བཤུ་གཞོག་བཏང་བ་མ་ཟད། རྐང་བཙུགས་ནས་བོད་པའི་སློབ་ཕྲུག་རྣམས་ལ་སོ་སོའི་ཆོས་དང་རིག་གཞུང་། ཕ་སྐད་བཅས་སྦྱོང་དུ་འཇུག་གི་མེད་པ་རེད་ཅེས་གསུངས་ཡོད་འདུག

ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་དང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེབ་མེག་ལེ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཝོལ་ཀར་ཊར་ཀི་མཆོག་ལ་རེ་སྐུལ་ཞུ་ཡིག་ཕུལ་བའི་ནང་།མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་འཆར་ལོའི་ཕྱི་ཟླ་ ༣ ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་འཚོགས་སྐབས་བོད་དོན་སྐོར་གླེང་སློང་དང་། དེ་བཞིན་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་རྣམ་པ་བོད་ནང་ཕེབས་ཏེ། རྒྱ་ནག་གཞུང་གིས་བོད་ནང་བཙན་དབང་གིས་བོད་པའི་སློབ་ཕྲུག་རྣམས་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་གི་ནང་བཏང་དང་གཏོང་བཞིན་པ་དེས་འགྲོ་བ་མིའི་ཐོབ་ཐང་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཚུལ་སྐོར་རྟོག་ཞིབ་ནན་མོ་གནང་དགོས་པའི་རེ་སྐུལ་ཞུས་གནང་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།