ཨ་རིའི་གྲོས་ཚོགས་འོག་མས་ཐའེ་ཝན་གྱི་རྒྱལ་སྲུང་ནུས་པ་ཤུགས་ཆེ་རུ་གཏོང་བའི་ཁྲིམས་གཏན་ལ་ཕབ་འདུག 

ཨ་རིའི་གྲོས་ཚོགས་འོག་མས་༢༠༢༢ ལོའི་རྒྱལ་སྲུང་གི་ཁྲིམས་(National Defense Authorization Act) གཏན་ལ་ཕབ་པའི་ནང་། “ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱིས་ཐའེ་ཝན་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དམག་སྦྱོང་ཆེན་མོ་(Pacific Rim Military Exercise) ལ་མཉམ་ཞུགས་བྱེད་དུ་འཇུག་པ་དང་། ཨ་རི་དང་ཐའེ་ཝན་གཉིས་ཀྱི་བར་དུ་དམག་འབྲེལ་ཟབ་ཏུ་བཏང་ནས་[ཤར་ཨེ་ཤི་ཡའི་]གླིང་ཕྲན་རྒྱལ་ཁབ་ཀྱི་རང་སྲུང་ནུས་པ་ཤུགས་ཆེ་རུ་གཏོང་བར་རོགས་རམ་བྱེད་དགོས་པ་”ལ་སོགས་པའི་དོན་ཚན་རྣམས་བཀོད་ཡོད་འདུག

བདུན་ཕྲག་གོང་མའི་རེས་གཟའ་ཕུར་བུའི་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་ཤར་ཐའེ་ཝན་གྱི་རྒྱལ་སྲུང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པའི་ཁྲིམས་འཆར་དེར་འོས་ཤོག་བསྡུས་རྗེས། རྒྱབ་སྐྱོར་བྱེད་མཁན་༣༡༦ དང་། རྒྱབ་སྐྱོར་མི་བྱེད་མཁན་༡༡༣ བྱུང་ནས་ཁྲིམས་དེ་གཏན་ལ་ཕབ་ཡོད་འདུག 

ཐེངས་འདིར་གཏན་ལ་ཕབ་པའི་ཁྲིམས་དེའི་ནང་དུ། ཨ་རིས་དངོས་སམ་ཤུགས་ནས་ཐའེ་ཝན་གྱི་རྒྱལ་སྲུང་ནུས་པ་དང་གོ་མཚོན་ཤུགས་ཆེ་རུ་གཏོང་བར་རོགས་རམ་བྱེད་དགོས་པའི་དོན་ཚན་མང་པོ་ཞིག་བཀོད་ཡོད་འདུག་སྟེ། ཁྲིམས་དེའི་དོན་ཚན་༡༢༣༤ (Article 1234) ནང་དུ་ཨ་རིའི་རྒྱལ་སྲུང་དྲུང་ཆེས་ལོ་རྗེས་མའི་ཕྱི་ཟླ་༢ པའི་ཚེས་༡༥ སྔོན་དུ་གྲོས་ཚོགས་ལ་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་བྱེད་ཕྱོགས་སྐོར་གྱི་སྙན་ཐོ་ཞིག་འབུལ་དགོས་པ་དང་། སྙན་ཐོ་དེའི་ནང་དུ་ཨ་རི་དང་ཐའེ་ཝན་གྱི་འདས་པའི་ལོ་ངོ་བཅུའི་དམག་གི་འབྲེལ་ལམ་སྐོར་དང་། དེ་བཞིན་མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་བར་དུ་བདེ་འཇགས་དང་། དམག་སྦྱོང་། རིག་གཞུང་བརྗེ་རེས། རྒྱའི་སྐད་ཡིག་སློབ་ཁྲིད་ལ་སོགས་པའི་ཐད་ནས་མཉམ་འབྲེལ་བྱེད་ཕྱོགས་སོགས་ཀྱི་གནས་ཚུལ་འགོད་དགོས་པ་བཟོས་ཡོད་འདུག

ཨ་རིའི་སྲིད་འཛིན་ཇི་མི-ཁ་ཋར་(Jimmy Carter) གྱིས་འགོ་ཁྲིད་པའི་ཨ་རིའི་གཞུང་གིས་༡༩༧༩ ལོར་ཐའེ་ཝན་དང་གཞུང་གི་འབྲེལ་ལམ་བཅད་པ་ནས་བཟུང་། འདས་པའི་ངོ་ལོ་༤༠ ཙམ་གྱི་རིང་ལ་ཨ་རིའི་སྲིད་འཛིན་རིམ་བྱོན་གྱིས་“རྒྱ་ནག་གཅིག་གི་སྲིད་བྱུས་”ངོས་ལེན་དང་། རྒྱ་ནག་འཛམ་གླིང་ཚོང་ལས་ལྷན་ཚོགས་(WTO) སུ་བསུ་བ། རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་ཕོན་ཆེན་འཇོག་པ་སོགས་བྱས་ཏེ་རྒྱ་ནག་ལ་བསྟུན་ཐབས་འབའ་ཞིག་བྱས་ཡོད། 

ཡིན་ན་ཡང་། ཨ་རིའི་སྲིད་གཞུང་གོང་མ་སྟེ་ཊོམ་སྲིད་གཞུང་གིས་ཨ་རིས་འདས་པའི་ལོ་ངོ་༤༠ ཙམ་གྱི་རིང་རྒྱ་ནག་ལ་བཟུང་བའི་སྲིད་བྱུས་ལ་བསྐྱར་ཞིབ་དང་སྒྱུར་བཅོས་ཏེ། རྒྱ་ནག་ལ་བསྟུན་ཐབས་བྱས་ནས་རྒྱ་ནག་མང་གཙོ་ཅན་དུ་སྒྱུར་རྒྱུའི་སྲིད་བྱུས་དེ་ཡོངས་སུ་ནོར་ཡོད་པའི་ཁས་ལེན་བྱས་པ་དང་། སྐབས་དེའི་ཕྱི་སྲིད་དྲུང་ཆེ་མཱ་ཁི-ཕོམ་ཕོའོ་(Mike Pompeo) ཡིས་“གལ་སྲིད་རང་དབང་ལྡན་པའི་འཛམ་གླིང་གིས་རྒྱ་ནག་དམར་པོ་འགྱུར་བ་མ་བཏང་བ་ཡིན་ན། རྒྱ་ནག་དམར་པོས་ང་ཚོ་ཚུར་འགྱུར་བ་གཏོང་ངེས་རེད་”ཅེས་གསུངས་པ་མ་ཟད། ཁོང་གི་ལས་ཡུན་རྫོགས་ཁར་ཨ་རི་དང་ཐའེ་ཝན་གྱི་གཞུང་འབྲེལ་མི་སྣའི་བར་གྱི་འབྲེལ་ལམ་འཛིན་ཕྱོགས་སྐོར་གྱི་བཀག་རྒྱ་རྣམས་མེད་པ་བཟོས་ཡོད། 

གྲོས་ཚོགས་འོག་མས་གཏན་ལ་ཕབ་པའི་ཁྲིམས་གསར་པ་དེའི་དོན་ཚན་༡༢༤༧ (Article 1247) གྱི་འོག་ཏུ། ཨ་རིས་ཐའེ་ཝན་ལ་མཚོན་ཆ་འཚོང་བ་དང་། མཉམ་འབྲེལ་དམག་སྦྱོང་བྱེད་པ་སོགས་ལ་བརྟེན་ནས་ཐའེ་ཝན་གྱི་མཁའ་དམག་དང་། མཚོ་དམག་གི་ནུས་པ་ཤུགས་ཆེ་རུ་གཏོང་དགོས་ཀྱི་ཡོད་འདུག་པ་མ་ཟད། དོན་ཚན་༡༢༤༨ (Article 1248) ནང་དུ་ཨ་རིས་ཐའེ་ཝན་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དམག་སྦྱོང་ཆེན་མོར་མཉམ་ཞུགས་བྱེད་དུ་འཇུག་དགོས་ཚུལ་བཀོད་འདུག 

ཞི་བདེ་རྒྱ་མཚོའི་ཁུལ་གྱི་དམག་སྦྱོང་ཆེན་མོ་(Pacific Rim Military Exercise) ནི་ཨ་རིས་འགོ་ཁྲིད་དེ་ལོ་གཉིས་རེའི་ནང་ལ་ཐེངས་རེ་བྱེད་པའི་དམག་སྦྱོང་ཞིག་ཡིན་ཞིང་། དེའི་ནང་མཉམ་ཞུགས་བྱེད་མཁན་རྒྱལ་ཁབ་༢༠ བརྒལ་བ་ཡོད་པས། འཛམ་གླིང་སྟེང་གི་དམག་སྦྱོང་ཆེ་ཤོས་དེ་ཆགས་ཡོད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།