ཨ་རིའི་དམག་ཕྱིར་འཐེན་ལ་བརྟེན་ནས་ཨབ་གྷན་ནང་དྲག་སྤྱོད་པ་ཤུགས་ཆེ་རུ་འགྲོ་བཞིན་འདུག 

ཨབ་གྷ་ནི་སེ་ཐན་ནས་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དམག་མི་རྣམས་ཕྱིར་འཐེན་བྱེད་འགོ་བཙུགས་ཟིན་པ་ལྟར། རྒྱལ་ཁབ་དེའི་གྱེན་ལངས་དྲག་སྤྱོད་རུ་ཁག་ཏ་ལི་བྷན་གྱིས་ས་ཆ་མང་པོ་ཞིག་བཙན་བཟུང་བྱེད་བཞིན་ཡོད་པས། གཞུང་དམག་དང་དྲག་སྤྱོད་རུ་ཁག་བར་གྱི་དམག་འཁྲུག་ཁྲོད་མི་མང་དཀྱུས་མའི་ཚེ་སྲོག་དང་འཚོ་བར་ཉེན་ཚབས་ཆེན་པོ་བཟོ་བཞིན་ཡོད་འདུག 

ཟླ་༧ པའི་ཚེས་༢༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱིས་ཟླ་༨ པའི་ཟླ་མཇུག་ཏུ་ཨབ་གྷ་ནི་སེ་ཐན་ནང་དུ་ཨ་རིའི་དམག་མི་ཚང་མ་ཕྱིར་འཐེན་བྱས་ཟིན་དགོས་པའི་བཀའ་རྒྱ་བཏང་ཟིན་པ་ལྟར། ད་ལྟའི་ཆར་དམག་མི་བརྒྱ་ཆ་༩༥ ཨབ་གྷན་ནས་ཕྱིར་འཐེན་བྱས་ཟིན་ཡོད་འདུག 

ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དམག་མི་རྣམས་ཨབ་གྷན་ནས་ཕྱིར་འཐེན་བྱེད་བཞིན་པ་དང་བསྟུན། རྒྱལ་ཁབ་དེའི་གྱེན་ལངས་དྲག་སྤྱོད་རུ་ཁག་ཏ་ལི་བྷན་གྱིས་དྲག་པོའི་ཐོག་ནས་ས་ཆ་མང་པོ་ཞིག་བཙན་བཟུང་བྱེད་བཞིན་ཡོད་འདུག ཨ་རིའི་དམག་གི་སྒྲིག་འཛུགས་ཀྱིས་བརྗོད་དོན་ལྟར་ན། ཨབ་གྷན་གྱི་རྫོང་༤༡༩ ནས་ཕྱེད་ཀ་ལྷག་དྲག་སྤྱོད་རུ་ཁག་དེས་བཙན་བཟུང་བྱས་ཟིན་ཁར། མི་འབོར་ཆེན་པོ་ཡོད་པའི་གྲོང་ཁྱེར་ཆེ་ཁག་རྣམས་བཙན་བཟུང་བྱེད་ཐབས་ལ་འཇུག་བཞིན་ཡོད་འདུག 

ཨབ་གྷན་གཞུང་དང་དྲག་སྤྱོད་རུ་ཁག་གཉིས་བར་གྲོས་མོལ་བྱེད་བཞིན་ཡོད་འདུག་ཀྱང་། ཕྱོགས་གཉིས་བར་གྲོས་མཐུན་ཞིག་ཡོང་གི་མེད་པས། ཨབ་གྷན་གཞུང་ནས་དྲག་སྤྱོད་པའི་དམག་མིའི་བྱ་སྤྱོད་ལ་ཁ་གཏད་གཅོག་ཆེད་དུ་རྒྱལ་ཁབ་དེའི་ནང་མཚན་མོར་འགྲོ་སྐྱོད་ཀྱི་བཀག་རྒྱ་བཏང་ཡོད་པ་རེད་འདུག 

ཨ་རིའི་དམག་མིས་ཨབ་གྷན་གཞུང་ལ་རྒྱབ་སྐྱོར་ཆེད་དུ། གནམ་ཐོག་ནས་དྲག་སྤྱོད་པ་དེ་དག་ལ་དྲག་རྒོལ་བྱེད་བཞིན་ཡོད་འདུག་ཀྱང་། ཟླ་༨ པ་མཇུག་བསྒྲིལ་རྗེས་མུ་མཐུད་ནས་གནམ་ཐོག་ནས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་མིན་ཐོག་ལན་འདེབས་གང་ཡང་བྱས་མེད་པ་རེད། 

ཨབ་གྷན་གྱི་གྲོང་ཁྱེར་ཆེ་ཁག་ཀཱན་ཌ་ཧར་བཙན་བཟུང་བྱེད་ཐབས་བྱས་ནས། ཕྱོགས་གཉིས་བར་དམག་འཁྲུག་ཆེན་པོ་འགྲོ་བཞིན་ཡོད་འདུག་པ་དང་། འདས་པའི་ཟླ་བ་གཅིག་ནང་ཁྱིམ་ཚང་༢༢,༠༠༠ རང་གནས་ནས་བྲོས་བྱོལ་འགྲོ་དགོས་བྱུང་འདུག མང་པོ་ཞིག་སྐྱབས་བཅོལ་གྱི་གཞིས་སྒར་དུ་གནས་སྡོད་བྱེད་བཞིན་ཡོད་འདུག་པ་དང་། སྐྱབས་བཅོལ་པ་ཞིག་གིས་གལ་ཏེ་གཞུང་དང་དྲག་སྤྱོད་པ་གཉིས་དམག་འཐབ་བྱེད་འདོད་ཡོད་ཚེ། ཁོ་ཚོ་བྱེ་ཐང་ནང་དུ་དམག་འཐབ་བྱས་ན་འགྲིག་གི་ཡོད་པ། གྲོང་ཁྱེར་སོགས་གཏོར་བཤིག་གཏོང་དགོས་དོན་མེད་སྐོར་བརྗོད་འདུག 

ཕྱི་ལོ་༢༠༠༡ ལོར་ཨ་རིར་དྲག་རྒོལ་གྱི་གནད་དོན་བྱུང་རྗེས། ཨ་རིས་ཨབ་གྷན་ནང་ཨལ་ཁེ་ཌ་འཇིགས་སྐུལ་རིང་ལུགས་པ་དང་འཐབ་རྒོལ་ཆེད་དུ་དམག་མི་བཏང་ནས་ད་བར་མི་ལོ་༢༠ འགྲོ་བཞིན་ཡོད་པ་རེད། ཨ་རིའི་བྱ་སྤྱོད་དེར་མོས་མཐུན་མེད་མཁན་ཚོས་ཨ་རིས་ཨབ་གྷན་ལ་བཙན་འཛུལ་བྱས་པ་དང་། དེ་ཡང་རྡོ་སྣུམ་ཆེད་དུ་བཙན་འཛུལ་བྱས་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དཔྱད་བརྗོད་པ་ཁག་ཅིག་གིས་གལ་ཏེ་ཨ་རིའི་དམག་མི་ཚང་མ་ཨབ་གྷན་ནས་ཕྱིར་འཐེན་བྱས་ཚེ། གྱེན་ལངས་ཤོག་ཁག་ཏ་ལི་བྷན་གྱི་དབང་ཤུགས་ཆེ་རུ་འགྲོ་སྲིད་པ་དང་། ཨབ་གྷན་གཞུང་ཡང་མགོ་རྟིང་སློག་ཉེན་ཡོད་པ། གལ་ཏེ་དེ་ལྟར་བྱུང་ཚེ་ཨབ་གྷན་ནང་གི་བུད་མེད་ཐོབ་ཐང་དང་། ཨ་རིར་རྒྱབ་སྐྱོར་བྱེད་མཁན་ན་གཞོན་དང་མི་སྣ་མང་པོ་ཞིག་གི་བདེ་སྡུག་གནས་སྟངས་ཛ་དྲག་ཆགས་རྒྱུ་ཡིན་པ། དེ་བཞིན་འཇིགས་སྐུལ་རིང་ལུགས་པའི་དབང་ཤུགས་ཀྱང་ཆེ་རུ་འགྲོ་ཉེན་ཡོད་སྐོར་བརྗོད་བཞིན་འདུག 

དེ་བཞིན་ཨབ་གྷན་ནང་ཨ་རིའི་དབང་ཤུགས་མེད་པ་ཆགས་རྗེས། རྒྱ་ནག་དང་ཨུ་རུ་སུ་སོགས་རྒྱལ་ཁབ་མང་པོ་ཞིག་གིས་བར་སྟོང་དེར་འཐབ་རྩོད་བྱེད་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།