ཨ་རིའི་དྲག་རྒོལ་ནང་མི་མང་དཀྱུས་མའི་ཚེ་སྲོག་ཕོན་ཆེན་ཤོར་བཞིན་པ།
ཨ་རིས་ཨི་རག་ནང་དུ་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨེ་སི་སིར་གནམ་ཐོག་ནས་དྲག་རྒོལ་བྱས་ཏེ། མི་མང་དཀྱུས་མའི་ཚེ་སྲོག་ཤོར་བའི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་འདུག
ཟླ་འདིའི་ཚེས་༢༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིས་ཟླ་༣ པའི་ནང་ཨི་རག་གི་གྲོང་ཁྱེར་མོ་སུལ་ནང་དུ་ཨེ་སི་སིའི་ཚོགས་མི་གཉིས་ལ། གནམ་ཐོག་ནས་དྲག་རྒོལ་བྱས་ཏེ་གསོད་སྐབས། ཁོ་གཉིས་ཡོད་སའི་ཁང་བརྩེགས་དེའི་ནང་གི་འབར་རྫས་ཚང་མ་གས་ནས། ཉུང་མཐར་མི་མང་དཀྱུས་མ་༡༠༥ ཡི་ཚེ་སྲོག་ཤོར་ཡོད་པར་ཁས་ལེན་བྱས་ཡོད་འདུག
དེ་བཞིན་ཟླ་འདིའི་ཚེས་༢༥ ཉིན་ཨ་རིས་འགོ་ཁྲིད་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས། སི་རི་ཡའི་ཤར་ཕྱོགས་ཀྱི་གྲོང་རྡལ་དུ་གནམ་ཐོག་ནས་དྲག་རྒོལ་བྱས་པའི་ཁྲོད། མི་མང་དཀྱུས་མ་༣༥ ཡི་ཚེ་སྲོག་ཤོར་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ། ཕྱི་ལོ་༢༠༡༤ ལོ་ནས་འགོ་བཙུགས་ཏེ་ཨ་རིས་འགོ་ཁྲིད་པའི་མཐུན་ཕྱོགས་རྒྱལ་ཁབ་ཚོས། སི་རི་ཡ་དང་ཨི་རག་ནང་དུ་རྟེན་གཞི་བྱས་པའི་ཁ་ཆེ་དྲག་སྤྱོད་ཚོགས་པ་ཨེ་སི་སིར་གནམ་ཐོག་ནས་དྲག་རྒོལ་བྱེད་འགོ་བཙུགས་ཡོད་པ་དང་། ཨ་རིའི་དམག་གི་སྒྲིག་འཛུགས་ཀྱིས་ད་བར་དྲག་རྒོལ་དེ་དག་ཁྲོད་ཉེས་མེད་ཀྱི་མི་སེར་དཀྱུས་མ་ཉུང་མཐར་༣༥༢ བསད་ཡོད་སྐོར་དང་། ད་ལྟའི་ཆར་མི་མང་དཀྱུས་མ་༤༢ བསད་པའི་གནས་ཚུལ་ཞིག་ལ་དཔྱད་ཞིབ་བྱེད་བཞིན་ཡོད་སྐོར་གྱི་སྙན་ཐོ་ཞིག་ཟླ་༤ པའི་ཚེས་༣༠ ཉིན་འགྲེམས་སྤེལ་བྱས་ཡོད་སྐོར་འཁོད་ཡོད་པ་དང་། དེ་བཞིན་སྙན་ཐོ་དེའི་ནང་ཕྱི་ལོ་༢༠༡༦ ལོའི་ཟླ་༡༡ ནས་ཕྱི་ལོ་༢༠༡༧ ལོའི་ཟླ་༣ པ་བར་མི་མང་དཀྱུས་མ་༤༥ བསད་ཡོད་སྐོར་འཁོད་ཡོད་འདུག
འོན་ཀྱང་དྲག་རྒོལ་དེའི་ཁྲོད་མི་མང་དཀྱུས་མའི་ཚེ་སྲོག་ཤོར་བའི་ཁ་གྲངས་ལ་རྟོག་ཞིབ་བྱེད་མཁན་ཚོགས་པ་གནམ་དམག་ཅེས་པ་དེས། ཨ་རིས་འགོ་ཁྲིད་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་གནམ་ཐོག་དྲག་རྒོལ་ལས། མི་མང་དཀྱུས་མ་༣༠༠༠ ལས་མང་བའི་ཚེ་སྲོག་ཤོར་ཡོད་སྐོར་བརྗོད་འདུག
དེ་བཞིན་ཚོགས་པ་དེས་ལོ་འདིའི་ཟླ་༤ པ་གཅིག་པུའི་ནང་ཨི་རག་དང་སི་རི་ཡའི་ནང་། གནམ་ཐོག་ནས་དྲག་རྒོལ་ཁྲོད་མི་མང་དཀྱུས་མ་༣༦༦ ལས་མང་བའི་ཚེ་སྲོག་ཤོར་ཡོད་པ་དང་། དེ་བཞིན་ཨ་རིའི་སྲིད་འཛིན་ཌོ་ལན་ཊོམ་ཆགས་ནས་བཟུང་། མི་མང་དཀྱུས་མའི་ཚེ་སྲོག་ཤོར་བའི་གྲང་འབོར་མང་དུ་ཕྱིན་ཡོད་པ། དེ་ཡང་སྲིད་འཛིན་ཊོམ་གྱིས་དམག་དཔོན་ཚོར་རང་དབང་ཆེན་པོ་སྤྲོད་ཀྱི་ཡོད་པས་ཡིན་སྐོར་བརྗོད་འདུག
ཨ་རི་གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་གནམ་ཐོག་ནས་དྲག་རྒོལ་བྱས་ཏེ། མི་མང་དཀྱུས་མའི་ཚེ་སྲོག་ཤོར་བའི་གནས་ཚུལ་མང་པོ་འབྱུང་གི་ཡོད་ཀྱང་། རྒྱལ་སྤྱིའི་ཁྲིམས་ཁང་ནས་ད་བར་བྱ་སྤྱོད་དེའི་རིགས་ལ་ཉེས་ཆད་བཏང་བའི་གནས་ཚུལ་བྱུང་མྱོང་མེད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།