ཨ་རིའི་ནང་མི་རིགས་དཀར་པོ་མཆོག་ལྟའི་ལས་འགུལ་དང་སྲིད་འཛིན་ཊོམ་ལ་སྐྱོན་བརྗོད།

ཨ་རིའི་ནང་མི་རིགས་དཀར་པོ་དེ་མི་རིགས་གཞན་ལས་མཆོག་ཏུ་ལྟ་བ་འཛིན་མཁན་མང་པོ་ཞིག་གིས་ཁྲོམས་སྐོར་ལས་འགུལ་ཞིག་སྤེལ་བར། ངོ་རྒོལ་དང་སྐྱོན་བརྗོད་ཁྱབས་ཆེན་བྱུང་ཡང་། སྲིད་འཛིན་ཊོམ་གྱིས་ལས་འགུལ་དེར་ཉེས་འཛུགས་གསལ་པོ་མ་བྱས་པའི་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་བཞིན་འདུག

ཟླ་༨ པའི་ཚེས་༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༨ པའི་ཚེས་༡༡ ཉིན་གྱི་དགོང་མོར་ཨ་རིའི་མངའ་སྡེ་ཝེར་ཇི་ནི་ཡའི་གྲོང་ཁྱེར་ཅར་ལོ་ཌེ་ཝིལ་ནང་། སྔར་ཨ་རིའི་ནང་འཁྲུག་སྐབས་ལྷོ་ཕྱོགས་མངའ་སྡེ་ཁག་གི་དམག་གི་འགོ་ཁྲིད་ཅིག་གི་སྐུ་འདྲ་ཞིག་སྐྱེད་མོས་ཚལ་དུ་བཞག་ཡོད་པས། དེ་ནས་དབྱུང་སྲིད་པའི་ཐག་གཅོད་ལ་ངོ་རྒོལ་ཆེད། མི་རིགས་དཀར་པོ་མཆོག་ལྟ་འཛིན་མཁན་བརྒྱ་ཕྲག་མང་པོས་ངོ་རྒོལ་ལས་འགུལ་སྤེལ་འདུག་པ་དང་། དེའི་ཕྱི་ཉིན་ལ་ལས་འགུལ་སླར་ཡང་སྤེལ་སྐབས། ལས་འགུལ་དེར་ཁ་གཏད་དུ་ངོ་རྒོལ་བྱེད་མཁན་མང་པོ་སླེབས་ནས་ཕྱོགས་གཉིས་བར་གདོང་ཐུག་བྱུང་འདུག སྐབས་དེར་ཁ་གཏད་དུ་ངོ་རྒོལ་བྱེད་མཁན་ཁྲོད་རླངས་འཁོར་ཞིག་ཤུགས་ཆེན་པོ་བཏང་ནས། ལོ་སོ་གཉིས་ཡིན་པའི་བུད་མེད་ཅིག་གི་ཚེ་སྲོག་ཤོར་ཡོད་པ་དང་། མི་གྲངས་༡༩ ལས་མང་བར་རྨས་སྐྱོན་བཟོས་ཡོད་འདུག དེ་བཞིན་ཕྱོགས་གཉིས་བར་གདོང་ཐུག་སྐབས་མི་གྲངས་༡༥ ལ་རྨས་སྐྱོན་ཕོག་ཡོད་འདུག རྗེས་སུ་ཉེན་རྟོག་པས་རླངས་འཁོར་གཏོང་མཁན་རང་ལོ་༢༠ ཡིན་པའི་མི་རིགས་དཀར་པོ་ཞིག་འཛིན་བཟུང་གིས་ཉེས་འཛུགས་བྱས་ཡོད་པ་རེད་འདུག ཉིན་དེར་མངའ་སྡེའི་ཉེན་རྟོག་པ་གཉིས་ཀྱིས་གནས་ཚུལ་རྟོག་ཞིབ་བྱས་ཏེ་ཐད་འཕུར་གནམ་གྲུའི་ནང་ཕྱིར་ལོག་སྐབས། གནམ་གྲུ་རྡབ་སྐྱོན་བྱུང་ནས་ཚེ་སྲོག་ཤོར་ཡོད་འདུག

དེ་ཡང་སྔར་ཨ་རིའི་ནང་འཁྲུག་ནང་བྲན་གཡོག་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ལྷོ་ཕྱོགས་མངའ་སྡེ་ཁག་གི་དམག་གི་འགོ་ཁྲིད་ཚོའི་སྐུ་འདྲ་རྣམས། བྲན་གཡོག་ལམ་ལུགས་དང་མི་རིགས་དཀར་པོའི་དབང་སྒྱུར་དང་མཆོག་ལྟའི་མཚོན་རྟགས་སུ་ངོས་འཛིན་གྱིས། དེང་གི་ཆར་མངའ་སྡེ་དང་གྲོང་ཁྱེར་ཁག་ཅིག་གིས་སྐུ་འདྲ་དེ་རིགས་སྤྱི་དམངས་ཀྱི་ས་ཆ་ནས་དབྱུང་གི་ཡོད་པ་རེད་འདུག་པས། ཉེ་བའི་ཆར་ཝེར་ཇི་ནི་ཡའི་མངའ་སྡེའི་ནང་སྐུ་འདྲ་དེ་རིགས་ཤིག་སྐྱེད་མོལ་ཚལ་དེ་ལས་དབྱུང་རྒྱུའི་ཐག་གཅོད་བྱས་ཡོད་ཀྱང་། ཁྲིམས་ཁང་གིས་ཐག་གཅོད་དེ་ལག་ལེན་བསྟར་བར་ཟླ་བ་༦ སྒུག་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག་པས། མི་རིགས་དཀར་པོ་མཆོག་ལྟ་འཛིན་མཁན་དག་གིས་དེར་ངོ་རྒོལ་ལས་འགུལ་སྤེལ་བ་ཡིན་འདུག ཁོ་ཚོས་ལས་འགུལ་དེ་རིགས་ཨ་རིའི་རྒྱལ་ནང་གང་སར་ཁྱབ་ཆེན་པོ་སྤེལ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

གནས་ཚུལ་དེ་བྱུང་རྗེས་གྲོང་ཁྱེར་དེར་ཛ་དྲག་གི་གནས་སྟངས་ངོས་འཛིན་བྱས་ཏེ། དམག་མི་བཏང་ཡོད་འདུག་པ་དང་། མངའ་སྡེ་སྤྱི་ཁྱབ་སྐུ་ཞབས་ཀྲེ་རི་ཡིས་མི་རིགས་དཀར་པོ་མཆོག་ལྟ་འཛིན་མཁན་རྣམས་ཀྱིས་ཉིན་ལྟར་མི་རིགས་གཞན་ལ་འཁོན་འཛིན་བཅང་ནས་ཨ་རི་དེ་ཁ་བྲལ་གཏོང་ཐབས་བྱེད་ཀྱི་ཡོད་པ། དེ་ཚོ་རྒྱལ་ཞེན་པ་མིན་པ། ཁོ་ཚོ་ལ་ཨ་རི་བའི་གཤིས་སྤྱོད་མེད་པས། རྒྱལ་ཁབ་དེ་ནས་ཐོན་དགོས་སྐོར་གྱི་སྐྱོན་བརྗོད་བྱས་ཡོད་པ་རེད་འདུག

གནས་ཚུལ་དེ་དང་འབྲེལ་ནས་མི་རིགས་དཀར་པོ་མཆོག་ལྟ་འཛིན་མཁན་གྱི་ལས་འགུལ་ལ། ཨ་རིའི་ཆབ་སྲིད་འགོ་ཁྲིད་མང་པོ་ཞིག་གིས་སྐྱོན་བརྗོད་ཤུགས་ཆེན་པོ་བྱས་ཡོད་ཀྱང་། སྲིད་འཛིན་ཊོམ་གྱིས་རང་ལུགས་ལ་ཞེན་འཛིན་དང་གཞན་ལ་འཁོན་འཛིན། དེ་བཞིན་དྲག་པོའི་རྣམ་པ་ཕྱིར་སྟོན་དེ་རིགས་ངོས་ལེན་མེད་སྐོར་དང་། རྒྱལ་ཁབ་ཁ་བྲལ་གཏོང་བའི་བྱ་སྤྱོད་མཚམས་འཇོག་དགོས་སྐོར་བརྗོད་ཡོད་ཀྱང་། ཁོང་གིས་མི་རིགས་དཀར་པོ་མཆོག་ལྟ་འཛིན་མཁན་རྣམས་མིང་འདོན་བྱས་མེད་སྟབས་། བྱ་སྤྱོད་དེར་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་པ་རེད་འདུག་པས། ཕོ་བྲང་དཀར་པོས་སྲིད་འཛིན་ཊོམ་གྱི་སྐད་ཆ་དེའི་ནང་མི་རིགས་དཀར་པོ་མཆོག་ལྟ་འཛིན་མཁན་ཚུད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག

ངོ་རྒོལ་ལས་འགུལ་དེར་ཨ་རིའི་ནང་གི་མི་རིགས་དཀར་པོ་མཆོག་ལྟ་འཛིན་མཁན་གྱི་ཚོགས་པ་མང་པོའི་ཚོགས་མི་སླེབས་ཡོད་པ་དང་། དེ་དག་གི་གདོང་རས་སོགས་མ་གྱོན་ནས་སླེབས་ཡོད་པ་དེས། ཨ་རིའི་ནང་ལས་འགུལ་དེ་རིགས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཁར། ལྟ་བ་དེ་རིགས་འཁྱེར་མཁན་རྣམས་ལ་བློ་སྤོབས་དང་གཞན་གྱི་རྒྱབ་སྐྱོར་ཆེ་རུ་འགྲོ་བཞིན་པ་ཡིན་སྐོར་དཔྱད་བརྗོད་པ་ཁག་ཅིག་གིས་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།