ཨ་རིའི་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་ཞིག་ནང་གཏོར་རྒོལ་བཏང་ཡོད་འདུག

ཉེ་ཆར་ཨ་རིའི་མངའ་སྡེ་(San Francisco)ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ནང་དུ་མི་ཞིག་གིས་མོ་ཊ་བཏང་ནས་འཛུལ་ཡོད་པ་དང་། སྐབས་དེར་མི་དེ་ཡིས་(CCP)རྒྱ་ནག་དམར་ཤོག་ཚོགས་པ་གང་དུ་ཡོད་ཅེས་འབོད་བཞིན་ཁང་པའི་ནང་མོ་ཊ་བཙན་གྱིས་འཛུལ་ཡོད་འདུག 

ཕྱི་ཚེས་༡༠ ཉིན་རྒྱལ་སྤྱིའི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། གཟའ་ཟླ་བའི་ཉིན་རྒྱབ་ཨ་རིའི་མངའ་སྡེ་(San Francisco)ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ནང་དུ་མི་ཞིག་གིས་མོ་ཊ་བཏང་ནས་ཁང་པའི་ནང་བཙན་འཛུལ་བྱས་ཡོད་ཅིང་། སྐབས་དེར་མི་དེ་ཡིས་རྒྱ་ནག་དམར་ཤོག་ཚོགས་པ་གང་དུ་ཡོད་ཅེས་འབོད་བཞིན་ཡོང་ཡོད་འདུག་ལ། མངའ་སྡེ་དེའི་ཉེན་རྟོག་པས་མེ་མདའ་བརྒྱབས་ནས་ཁ་ལོ་བ་དེ་རྨས་རྗེས་འཛིན་བཟུང་བྱས་ཡོད་འདུག གནད་དོན་དེ་དང་འབྲེལ་ནས་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ནས་གཞུང་ཚབ་ནང་འཛུལ་མཁན་མི་དེ་ལ་ཞིབ་དཔྱོད་ནན་པོ་བྱེད་དགོས་པ་ཨ་རིའི་གཞུང་ལ་འབོད་སྐུལ་ཞུས་ཡོད་འདུག་ལ། གལ་སྲིད་ཨ་རིའི་གཞུང་གི་ངོས་ནས་ཞིབ་དཔྱོད་ནན་པོ་མ་བྱས་ཚེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་སྲིད་པའི་ཉེན་བརྡ་བཏང་འདུག གནད་དོན་དེ་རིགས་བྱུང་བ་ཡིས་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་རྣམས་བདེ་འཇགས་མེད་པར་མཚོན་གྱི་ཡོད་ཚུལ་དང་། ད་ཆར་གནས་སྐབས་རྒྱ་ནག་གཞུང་ཚབ་ཁང་སྒོ་རྒྱག་དགོས་བྱུང་ཡོད་འདུག (San Francisco)ས་གནས་ཉེན་རྟོག་པས་བརྗོད་དོན་ལ་མི་དེ་སུ་ཡིན་མིན་དང་རྒྱུ་མཚན་གང་ལ་བརྟེན་ནས་རྒྱ་ནག་གཞུང་ཚབ་ཁང་ནང་འཛུལ་ཡོང་མིན་སོགས་ད་བར་གནས་ཚུལ་གང་ཡང་ཤེས་རྟོགས་མེད་ཅེས་བརྗོད་འདུག་ལ། ད་བར་མི་གཞན་སུ་ལ་ཡང་རྨས་སྐྱོན་ཕོག་པ་འདྲ་བྱུང་མེད་ཀྱང་། ཅ་དངོས་མང་པོ་གཏོར་བཤིག་བྱས་ཡོད་འདུག མོ་ཊ་དེ་རྒྱ་ནག་གཞུང་ཚབ་ཁང་དུ་འཛུལ་དུས་བར་ཁྱམས་ནང་མི་༢༠ ཙམ་ཡོད་འདུག་པ་དང་། སྐབས་དེ་དུས་མི་༢༠ ཙམ་ཡོད་པའི་ཁྲོད་ནས་ཐོངས་མཆན་ཞུ་མཁན་སློབ་མ་(Sergii Molchanov)ཟེར་བ་ཞིག་གིས་བརྗོད་དོན་ལ། རང་ལོ་༣༠ ཙམ་ཡིན་པས་སྐྱེས་པ་ཞིག་གིས་མོ་ཊ་བཏང་ནས་གཞུང་ཚབ་ཀྱི་ཤར་སྒོ་བཅག་སྟེ་ནང་དུ་འཛུལ་ཡོང་བ་དང་། དེ་རྗེས་མོ་ཊ་ནས་ཕྱིར་ཐོན་ནས་(Where is theC.C.P་)རྒྱ་ནག་དམར་ཤོག་ཚོགས་པ་གང་དུ་ཡོད་ཅེས་འབོད་སྐད་བརྒྱབས་ཡོད་པ་དང་། དེ་ནས་བདེ་སྲུང་མི་སྣ་ཡིས་མི་དེ་ལ་མེ་མདའ་གཅིག་བརྒྱབས་ནས་རྨས་ཡོད་པར་བརྗོད་འདུག (San Francisco)མངའ་སྡེའི་ཉེན་རྟོག་པས་བརྗོད་དོན་ལ་ད་བར་མི་སུ་ཡིན་མིན་དང་། རྒྱུ་མཚན་གང་ལ་བརྟེན་ནས་གཞུང་ཚབ་ཁང་ནང་འཛུལ་ཡོད་མིན་སོགས་གང་ཡང་ཤེས་རྟོགས་མེད་ཀྱང་། གནད་དོན་དེ་ལ་ཞིབ་དཔྱོད་ནན་པོ་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག

ཕྱི་ཟླ་༡༡ ནང་(Asia-Pacific Economic Cooperation summit)ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་ཚོགས་འདུ་ཆེན་པོ་ཞིག་(San Francisco)ནང་ཚོགས་འཆར་ཡོད་པར་བརྟེན། སྐབས་དེ་དུས་རྒྱ་ནག་གི་སྲིད་འཛིན་དང་ཨ་རིའི་སྲིད་འཛིན་ཐུག་འཆར་བྱེད་བཞིན་ཡོད་པས། ད་ཆར་ཨ་རིའི་གྲོས་ཚོགས་འཐུས་མི་དང་རྒྱ་ནག་གི་གཞུང་ཚབ་མི་སྣའི་བར་ཐུག་འཕྲད་བྱས་ནས་གྲ་སྒྲིག་བྱེད་བཞིན་ཡོད་པའི་སྐབས་འདིར་གནད་དོན་འདི་འདྲ་བྱུང་བའི་རྐྱེན་གྱིས། རྒྱ་ནག་ནང་(Weibo)སྤྱི་ཚོགས་དྲ་ལམ་ཐོག་གནད་དོན་དེ་གླེང་སློང་ཆེན་པོ་བྱེད་བཞིན་ཡོད་པ་དང་། གནད་དོན་དེ་དང་འབྲེལ་བའི་བརྙན་ཐུང་ཞིག་ཁྱབ་ནས་མི་ས་ཡ་༣༠༠ ཡིས་བལྟས་ཡོད་འདུག ཨ་རྒྱ་གཉིས་བར་ལོ་མང་རིང་ས་ཁམས་ཆབ་སྲིད་དང་དཔལ་འབྱོར། ཐེ་ཝན་གྱི་གནད་དོན་སོགས་གནད་དོན་དུ་མས་རྐྱེན་པས་འབྲེལ་ལམ་ཡག་པོ་མེད་པའི་སྐབས་འདིར། གནད་དོན་འདི་འདྲ་བྱུང་བར་ཕྱོགས་གཉིས་ཀས་བློ་འཚབ་སྐྱེ་གི་ཡོད་པར་བརྗོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།