ཨ་རིའི་ཕོ་བྲང་དཀར་པོ་ནས་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་བར་དངོས་སུ་ཐུག་འཕྲད་བྱེད་འཆར་ཡོད་པར་བརྗོད།

ཨ་རྒྱ་གཉིས་བར་ལོ་མང་རིང་གནད་དོན་དུ་མ་ཞིག་གིས་རྐྱེན་པའི་གདོང་ཐུག་ཡང་ཡང་བྱུང་བར་བརྟེན། རྒྱབ་ཁབ་གཉིས་བར་ཕྱི་འབྲེལ་གྱི་འབྲེལ་ལམ་སྡུག་ཏུ་ཕྱིན་ནས་ལོ་མང་འགྲོ་བཞིན་པའི་སྐབས་འདིར། ད་ཆར་ཨ་རིའི་ཕོ་བྲང་དཀར་པོ་ནས་རྒྱ་ནག་གི་སྲིད་འཛིན་དང་ཨ་རིའི་སྲིད་འཛིན་གཉིས་བར་གང་མགྱོགས་ཐུག་འཕྲད་བྱེད་འཆར་ཡོད་པ་དང་། སྲིད་འཛིན་གཉིས་དངོས་སུ་ཐུག་འཕྲད་བྱས་ནས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་བཟང་དུ་གཏོང་ཐབས་བྱེད་རྒྱུ་ཡིན་པར་བརྗོད་འདུག 

ཕྱི་ཚེས་༦ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཨ་རིའི་ཕོ་བྲང་དཀར་པོ་ནས་བརྗོད་དོན་ལ་ཁོང་ཚོས་ཨ་རིའི་མངའ་སྡེ་(San Francisco)ནང་གང་མགྱོགས་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་བར་ཐུག་འཕྲད་བྱེད་རྒྱུའི་འཆར་གཞི་སྒྲིག་བཞིན་ཡོད་ཚུལ་བརྗོད་འདུག་ལ། ཐུག་འཕྲད་དེ་སྤྱི་ཟླ་༡༡ ནང་བྱེད་འཆར་ཡོད་པར་བརྗོད་འདུག ཐེངས་འདིའི་སྲིད་འཛིན་གཉིས་ཀྱི་ཐུག་འཕྲད་དེ་ཨ་རྒྱ་གཉིས་བར་འབྲེལ་ལམ་བཟང་དུ་ཡོང་ཐབས་ཆེད་ཡིན་པར་བརྗོད་འདུག་ལ། ཨ་རྒྱ་གཉིས་ཀྱི་སྲིད་འཛིན་གཉིས་མ་ཐུག་གོང་དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་(Wang Yi)བདུན་ཕྲག་གཅིག་གཉིས་ནང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོང་འཆར་ཡོད་འདུག ཕྱི་ཟླ་༡༡ ནང་སྲིད་འཛིན་གཉིས་ཀྱིས་ཐུག་འཕྲད་བྱེད་འཆར་ཡོད་པ་དེ། ལོ་སྔོན་མའི་སྤྱི་ཟླ་༡༡ ནང་སྟོབས་ཆེན་རྒྱལ་ཁབ་༢༠ ཚོགས་ཆེན་དེ་ཨིན་ཌོ་ནི་ཤི་ཡའི་ནང་ཚོགས་པའི་སྐབས་སུ་ཟུར་དུ་ཐུག་ཡོད་པ་དང་། ཐེངས་འདིའི་ཕྱོགས་གཉིས་ཀྱི་སྲིད་འཛིན་གཉིས་བར་ཐུག་འཕྲད་དེའི་བརྒྱུད་ནས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་བཟང་དུ་ཡོང་ཐབས་བྱེད་རྒྱུ་ཡིན་པར་བརྗོད་འདུག ཕྱི་ཟླ་༢ ནང་རྒྱ་ནག་གིས་ཨ་རིའི་ནང་གསང་མྱུལ་གྱི་ལྒང་ཕུག་གཅིག་བཏང་བ་དང་ཨ་རིས་ལྒང་ཕུག་དེ་ཨ་རིའི་ས་ཐོག་ཏུ་བཏང་བ་ནི་ཁྲིམས་འགལ་ཡིན་པ་མ་ཟད། ཨ་རིའི་གསང་བ་རྐུ་ཐབས་བྱས་པ་རེད་ཅེས་བརྗོད་ནས་ཨ་རིའི་དམག་གིས་གཏོར་རྒོལ་བཏང་ཡོད་པར་བརྟེན། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད་པ་དང་། དེ་ནས་ཟླ་བ་འགའ་ཤས་རྗེས་སུ་ཨ་རིའི་ཆེས་མཐོའི་དཔོན་རིགས་བཞི་རྒྱ་ནག་ལ་ལྟ་སྐོར་དུ་ཕྱིན་ཡོད་པ་རེད། འོན་ཀྱང་། ཨ་རྒྱ་གཉིས་ཀྱི་མཐོ་རིམ་དམག་དཔོན་བར་འབྲེལ་ལམ་དེ་ཙམ་བསྐྱར་གསོ་བྱེད་ཐུབ་མེད་པ་རེད་འདུག ཕྱི་ཟླ་༣ པར་རྒྱ་ནག་གི་སྲིད་འཛིན་ཞིན་ཅིང་ཕིན་གྱིས་ཨ་རིའི་གཞུང་གིས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ལ་འགོག་རྐྱེན་བཟོ་ཡི་ཡོད་སོགས་བརྗོད་ནས་སྐྱོན་བརྗོད་བྱས་ཡོད་འདུག དེ་སྔོན་ཨ་རིའི་སྲིད་འཛིན་ཇོ་བྷན་ཌན་གྱིས་སྟོབས་ཆེན་རྒྱལ་ཁབ་༢༠ ཚོགས་ཆེན་ཐོག་རྒྱ་ནག་གི་སྲིད་འཛིན་ཐུག་རྒྱུ་བྱས་ཡོད་འདུག་ཀྱང་། རྒྱ་ནག་གི་སྲིད་འཛིན་གྱིས་མཐའ་མའི་ཚོགས་ཆེན་ཐོག་ཡོང་གི་མེད་ཅེས་བརྗོད་པ་དེས་ཨ་རིའི་སྲིད་འཛིན་འདོད་བློ་མ་ཁེངས་པ་བྱུང་ཡོད་འདུག  ཟླ་བ་སྔོན་མར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དེ་(New York)ལ་འཚོགས་ཡོད་པ་དང་། སྐབས་དེ་དུས་ཨ་རིའི་སྲིིད་འཛིན་གྱིས་བརྗོད་དོན་ལ་འཛམ་གླིང་ནང་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཤོས་ཡིན་པའི་ཨ་རྒྱ་གཉིས་བར་གང་མགྱོགས་འབྲེལ་ལམ་བཟང་དུ་ཡོད་ཐབས་བྱེད་རྒྱུ་ཡིན་པར་བརྗོད་ཡོད་འདུག ཨ་རིའི་ཕོ་བྲང་དཀར་པོས་བརྗོད་དོན་ལ་དེ་སྔོན་རྒྱ་ནག་གི་སྲིད་འཛིན་ཞིན་ཅིང་ཕིན་ཕྱི་ཕྱོགས་སུ་ལྟ་སྐོར་འགྲོ་མ་ཐུབ་པ་ནི་རྒྱ་ནག་ནང་ཆབ་སྲིད་དང་དཔལ་འབྱོར་གཉིས་ཀའི་ཐོག་ནས་ད་ཆར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པའི་རྐྱེན་གྱིས་ཡིན་པར་བརྗོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།