ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གི་མཚན་ཐོག་ཏུ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་དགོས་པའི་ཞུ་ཡིག་ཕུལ་འདུག

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་གཉིས་ཀྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གི་མཚན་ཐོག་ཏུ་ཞུ་ཡིག་ཅིག་ཕུལ་ནས་ཊོམ་སྲིད་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་གནང་རྒྱུའི་འབོད་སྐུལ་ཞུས་འདུག

ཟླ་འདིའི་ཚེས་༣ ཉིན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དྲྭ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཟླ་༩ ཚེས་༢ ཉིན་ཏེ། བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་ལོ་ངོ་༦༥ འཁོར་བའི་ཉིན། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འཐུས་མི་སྐུ་ཞབས་ཇོན་ཁར་ཊི་སི་༼John Curtis༽ དང་ལྕམ་སྐུ་ཇེ་ཀི་རོ་སེན་༼Jacky Rosen༽ རྣམ་གཉིས་ཀྱིས་ཆབ་སྲིད་ཚོགས་པ་ཐུན་མོང་གི་ཞུ་སྙན་ཞིག་ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷེའོ་མཆོག་ལ་ཕུལ་ནས། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་གནང་དགོས་པའི་འབོད་སྐུལ་ཞུས་འདུག

ཞུ་སྙན་དེའི་ནང་དུ་རྒྱ་གཞུང་གིས་ལག་ཆ་མང་པོ་བེད་སྤྱད་དེ། བོད་མི་ཚོར་མུ་མཐུད་མནར་གཅོད་དང་། ཁོང་ཚོའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཉམས་རྒུད་དུ་གཏོང་ཐབས་བྱེད་བཞིན་ཡོད་པ། རྒྱ་ནག་གི་བཙན་ཤེད་ཀྱི་བྱེད་སྟངས་ལ་གཞིགས་ན། ཚད་ལྡན་གྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་གང་མགྱོགས་བསྐོ་གཞག་བྱེད་རྒྱུ་གལ་ཆེན་ཡིན་པ་བརྗོད་འདུག

བོད་དོན་སྲིད་བྱུས་ཕྱི་ལོ་༢༠༠༢༼Tibetan policy Act of 2002༽ ཞེས་པའི་ནང་། རྒྱ་ནག་གཞུང་དང་༧གོང་ས་མཆོག་བར་དོན་ཕན་ལྡན་པའི་གྲོས་མོལ་སྐུལ་འདེད་གཏོང་རྒྱུ་དང་། རྒྱལ་སྤྱིས་ངོས་འཛིན་བྱས་པའི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་རྒྱུ། བོད་ཀྱི་ཆུའི་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་བཅས་ཀྱི་ཆེད་དུ། བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་གཞག་དགོས་པའི་ཆ་རྐྱེན་ཡོད་པ་མ་ཟད། ཕྱི་ལོ་༢༠༢༠ ལོར་གཏན་འབེབས་གནང་བའི་ཨ་རི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་༼Tibetan Policy and Suppport Act of 2020༽ ནང་། ཕྱི་སྲིད་ལས་ཁུངས་ནང་གི་དམིགས་བསལ་འབྲེལ་མཐུད་པའི་གོ་གནས་དང་དམིགས་ཡུལ་ལ་བསྐྱར་དུ་གཏན་འབེབས་དང་རྒྱ་བསྐྱེད་བྱས་ཡོད་པ།

ད་ལྟའི་དུས་སུ་རྒྱ་ནག་གིས་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་ཚོར་རྒྱལ་མཚམས་ལས་བརྒལ་བའི་མནར་གཅོད་དང་། ལྷག་པར་དུ་བོད་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ལ་གནོད་སྐྱོན་གཏོང་བའི་བཙན་ཤེད་ཤེས་ཡོན་སྲིད་བྱུས་སོགས་བརྒྱུད། བོད་མི་ཚོར་མནར་གཅོད་གཏོང་བཞིན་ཡོད་པར་བརྟེན། བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་རྒྱུ་གལ་ཆེན་ཡིན་པ་སོགས་བརྗོད་འདུག

ཕྱི་ལོ་༢༠༢༥ ཟླ་༡ པོའི་ནང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུ་ཛི་རཱ་ཛེ་ཡ་མཆོག་གི་ལས་ཡུན་གྱི་དུས་ཡུན་ཚང་ནས་ལས་མཚམས་བཞག་རྗེས། ཨ་རིའི་སྲིད་གཞུང་གསར་པས་ད་བར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་བྱས་མེད་པ་རེད།

དེ་སྔར་ཨ་རིའི་སྲིད་འཛིན་ཊོམ་གྱི་སྲིད་འཛིན་གྱི་ལས་ཡུན་དང་པོའི་སྐབས་སུ། བོད་མིའི་སྒྲིག་འཛུགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་ཡོང་བའི་འབོད་སྐུལ་རིམ་པ་ཞུས་ཡོད་ཀྱང་། ཊོམ་སྲིད་གཞུང་གིས་བསྐོ་གཞག་བྱས་མེད་པ་རེད།

སྤྱིར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ནི། ཕྱི་ལོ་༡༩༩༧ ལོར་ཨ་རིའི་སྲིད་འཛིན་བྷིལ་ཁི་ལན་ཊོན་གྱིས་སྐུ་ཞབས་(Gregory Craig) ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཐོག་མར་བསྐོ་བཞག་གནང་ནས་བཟུང་། ད་བར་ཨ་རིའི་སྲིད་འཛིན་རིམ་པས་བོད་དོན་འབྲེལ་མཐུད་སྐུ་ཚབ་པ་ཐེངས་བདུན་ཙམ་བསྐོ་གཞག་གནང་ཡོད་པ་རེད།

གསར་འགོད་པ། བློ་བཟང་རྒྱ་མཚོ།