ཨ་རིའི་བོད་དོན་འབྲེལ་མཐུད་པ་ལྕམ་ཨ་ཛི་རཱ་ཛེ་ཡས་རྒྱ་ནག་ལས་དོན་ལྷན་ཁང་གི་ཉན་ཞིབ་ཐོག་མཉམ་ཞུགས་དང་གཏམ་བཤད་སྤེལ།
ཟླ་འདིའི་ཚེས་༡༢ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་གནང་བའི་གསུང་བཤད་ཅིག་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲྭ་རྒྱའི་ཐོག་བཀོད་ཡོད་འདུག

ཟླ་འདིའི་ཚེས་༡༢ ཉིན་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨ་ཛི་རཱ་ཛེ་ཡ་ (Uzra Zeya) ལགས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ལྷན་ཁང་གི་ཉན་ཞིབ་ཐོག་མཉམ་ཞུགས་གནང་ནས་གཏམ་བཤད་ཅིག་སྤེལ་ཡོད་འདུག
ཁོ་མོས་གནང་བའི་གཏམ་བཤདཀྱི་ནང་དུ། རྒྱ་ནག་གཞུང་གིས་ཕྱི་རྒྱལ་དུ་ཡོད་པའི་ཡུ་གུར་བ་དང་བོད་པ། གྲངས་ཉུང་མི་རིགས་ཀྱི་ཁོངས་མི་དང་ཆོས་ལུགས་ཀྱི་གྲངས་ཉུང་སྡེ་ཁག ཧོང་ཀོང་དང་རྒྱ་ནག་གི་མི་སེར་ཡིན་པ་དང་མིན་པ་བཅས་ལ་འཇིགས་སྐུལ་དང་སུན་གཙེར་བཟོ་བཞིན་ཡོད་པའི་སྐོར་དང་། དེ་བཞིན་རྒྱ་ནག་གཞུང་གིས་དྲྭ་ཐོག་ནས་འཇིགས་སྐུལ་བྱེད་པ་དང་དམིགས་འབེན་བྱེད་ས་ཕྱི་རྒྱལ་དུ་ཡོད་པའི་མི་སྣ་དག་གི་ནང་མི་ཚོ་བཙོན་འཇུག་བྱེད་པའམ་ཁོང་ཚོའི་ཐོངས་མཆན་བཀག་པ། རྒྱལ་ཁབ་གཞན་ལ་གནོན་ཤུགས་སྤྲད་ནས་དམིགས་འབེན་བྱེད་སའི་མི་སྣ་དག་རྒྱ་གཞུང་ལ་རྩིས་སྤྲོད་བྱེད་དུ་བཅུག་པ་སོགས་བྱེད་ཐབས་སྣ་ཚོགས་གཏོང་གི་ཡོད་པ་དང་། རྒྱ་ནག་གཞུང་གི་འབད་བརྩོན་གྱི་ཁྱབ་ཆེ་ཚད་དང་གཏིང་ཟབ་ཚད་ལ་སྣང་མེད་བྱེད་མི་རུང་བ་མ་ཟད་མུ་མཐུད་དུ་བྱེད་འཇུག་མི་རུང་ཞིང་། གནད་དོན་དེ་ཡིས་རྒྱལ་ཁབ་ཀྱི་བདག་དབང་ཙམ་མིན་པ། ཨ་རིའི་མི་སེར་དང་ཨ་རིའི་ནང་གནས་སྡོད་བྱེད་མཁན་སྒེར་པ་གཙོས་པའི་འཛམ་གླིང་ཁྱོན་ཡོངས་ཀྱི་མི་མང་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཅེས་དང་།
གཞན་ཡང་ཨ་རི་གཞུང་གིས་རྒྱ་ནག་གི་དམིགས་འབེན་འཛུགས་སའི་མི་སྣ་དག་དང་འབྲེལ་བ་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང་། འབྲེལ་ལམ་བརྒྱུད་ནས་ཨ་རིའི་གཞུང་གིས་གནད་དོན་དེའི་ཐོག་རྒྱུས་ལོན་བྱེད་པར་ཕན་ཐོགས་དང་གང་ཟག་སྒེར་པ་ཚོ་ལ་རོགས་རམ་བྱེད་རྒྱུ་བཅས་ཕྱོགས་གཉིས་ཀ་ལ་ཕན་ཐོགས་འབྱུང་བཞིན་ཡོད་རབས་དང་།
རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་ནས་དྲག་གནོན་ལ་གདོང་ལེན་བྱེད་ཆེད་གཞུང་དང་གྲོས་ཚོགས་འཐུས་མི། ལས་འགུལ་བ་སོགས་ཀྱིས་མཉམ་རུབ་ཀྱི་ནུས་པ་ཆེ་རུ་བཏང་ནས་ཁ་གཏད་གདོང་ལེན་བྱ་རྒྱུ་གལ་ཆེ་བ་དང་། གནད་དོན་དེའི་ཐད་གྲོས་ཚོགས་ཀྱིས་སྣེ་ཁྲིད་ཀྱི་ཕྱག་ལས་ཁག་ལ་དགའ་བསུ་ཞུས་པ་མ་ཟད། ཨ་རི་གཞུང་དང་གྲོས་ཚོགས་གཉིས་ཀྱིས་གནད་དོན་དེའི་ཐོག་ལ་མཉམ་ལས་སྔར་ལྷག་གཏིང་ཟབ་གནང་རྒྱུའི་ཐུགས་རེ་གནང་གི་ཡོད་པ་བཅས་འཁོད་འདུག
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ནི། ༡༩༩༧ ལོར་ཨ་རིའི་སྲིད་འཛིན་བྷིལ་ཁི་ལན་ཊོན་གྱིས་སྐུ་ཞབས་(Gregory Craig) ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཐོག་མར་བསྐོ་བཞག་གནང་། དུས་དེ་ནས་བཟུང་ཨ་རིའི་སྲིད་འཛིན་རིམ་པས་བོད་དོན་འབྲེལ་མཐུད་སྐུ་ཚབ་པ་ཐེངས་བདུན་བསྐོ་བཞག་གནང་མྱོང་ཡོད་འདུག ཕྱི་ལོ་༢༠༢༢ ལོར་ལྕམ་ཨ་ཛི་རཱ་ཛེ་ཡ་ (Uzra Zeya) ལགས་བཞུགས་སྒར་དུ་འཚམས་གཟིགས་ཕེབས་ཡོད་པ་དང་འཚམས་གཟིགས་དེ་ནི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་ཆེད་དུ་དྷ་རམ་ས་ལར་ཕེབས་པ་ཐེངས་བཞི་པ་དེ་ཆགས་ཡོད།
གསར་འགོད་པ་བློ་བཟང་རྒྱ་མཚོ།
