ཨ་རིའི་མི་མང་ཚོས་རྒྱ་ནག་ལ་བཟུང་བའི་ལྟ་སྟངས་སྔར་བྱུང་མྱོང་མེད་པའི་སྡུག་ཏུ་འགྲོ་བཞིན་པ།

ནད་ཡམས་ཀྱི་དཀའ་ཉེན་དང་འཇིགས་སྐྲག་ཁྲོད། རྒྱ་ནག་ལ་སྔར་དང་མི་འདྲ་བའི་ལྟ་སྟངས་ངན་པ་འཛིན་མཁན་གྱི་ཨ་རི་བ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་འདུག 

དེ་ཡང་ཟླ་འདིའི་ཚེས་ ༢༡ ཉིན་ཨ་རིའི་ཕའུ་ཉམས་ཞིབ་ཁང་(Pew Research Center)ནས་ཉེ་ཆར་ཕྱི་ཟླ་ ༣ པའི་ནང་ཨ་རིའི་མི་མང་གི་ཁྲོད་དུ་རྒྱ་ནག་ལ་ལྟ་སྟངས་ཅི་འདྲ་ཡོད་མེད་ཉམས་ཞིབ་བྱས་པའི་གྲུབ་དོན་ཞིག་ཕྱིར་བསྒྲགས་བྱས་པའི་ནང་། ཨ་རིའི་མི་མང་སུམ་ཆ་གཉིས་ཀྱིས་རྒྱ་ནག་ལ་ལྟ་སྟངས་ངན་པ་འཛིན་གྱི་ཡོད་པ་དང་། དེ་ནི་ཉམས་ཞིབ་ཁང་དེས་ ༢༠༠༥ ལོར་ཉམས་ཞིབ་བྱེད་འགོ་བརྩམས་པ་ནས་བཟུང་ཆེས་མཐོ་ཤོས་དེ་ཆགས་ཡོད་འདུག 

ཉམས་ཞིབ་ཁང་དེས་ཕྱི་ཟླ་ ༣ ཚེས་ ༣ ནས་ཚེས་ ༢༩ བར་མི་ ༡༠༠༠ ལ་རྒྱ་ནག་ཐོག་ལྟ་སྟངས་ཅི་འདྲ་ཡོད་མེད་འདྲི་རྩད་བཅད་པའི་གྲུབ་དོན་དེའི་ནང་། ཨ་རིའི་མི་བཅུ་ལས་དགུས་རྒྱ་ནག་གཞུང་གི་སྟོབས་ཤུགས་དང་ཤུགས་རྐྱེན་དེ་ཉེན་ཁ་ཞིག་ཏུ་མཐོང་གི་ཡོད་ཚུལ་བརྗོད་པའི་ཐོག བརྒྱ་ཆ་ ༦༢གྱིས་རྒྱ་ནག་ཉེན་ཁ་ཚབས་ཆེན་ཞིག་ཏུ་མཐོང་གི་ཡོད་ཚུལ་བཤད་ཡོད་འདུག 

ཉམས་ཞིབ་ཀྱི་གྲུབ་དོན་དེས། ཊོམ་ཕི་ཨ་རིའི་སྲིད་འཛིན་དུ་འདེམས་ཐོན་བྱུང་སྟེ་ཚོང་ལས་དང་འགྲོ་བ་མིའི་ཐོབ་ཐང་ཐོག་ནས་པེ་ཅིང་ལ་ཁ་གཏད་གཅོག་པའི་ལངས་ཕྱོགས་གསར་པ་ཞིག་བཟུང་རྗེས་ཨ་རིའི་མི་མང་གི་ལྟ་སྟངས་ལ་འགྱུར་བ་ཤུགས་ཆེན་ཕྱིན་པ་བསྟན་ཡོད་འདུག 

ཐེངས་འདིའི་ཉམས་ཞིབ་དེ་ནི་ཨ་རིའི་ནང་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་ནད་པ་དང་ཤི་བའི་ཁ་གྲངས་ལྡབ་ཀྱིས་འཕར་བཞིན་པ་དང་། ཨ་རིའི་འགོ་ཁྲིད་ཚོས་རྒྱ་ནག་ལ་གནས་ཚུལ་སྦས་གསང་བྱས་ནས་ནད་ཡམས་འཛམ་གླིང་ཁྱོན་ལ་ཁྱབ་ཏུ་བཅུག་པའི་འགན་འཁྲི་འཁུར་དགོས་པའི་སྐྱོན་བརྗོད་ཇེ་ཆེར་བྱེད་བཞིན་པའི་སྐབས་སུ་བྱས་པ་ཡིན་འདུག 

གཞན་ཡང་། ཉམས་ཞིབ་ཀྱི་གྲུབ་དོན་དེའི་ནང་ཨ་རིའི་མི་མང་གི་བརྒྱ་ཆ་ ༧༠ ཙམ་གྱིས་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་ལ་ཡིད་ཆེས་བརླགས་ཚུལ་བརྗོད་འདུག་ཅིང་། དེ་ཡང་ ༢༠༠༥ ནས་བཟུང་ཆེས་མཐོ་ཤོས་དེ་ཆགས་ཡོད་འདུག

ཉམས་ཞིབ་དེའི་ནང་མཉམ་ཞུགས་བྱེད་མཁན་ཚོའི་སེམས་ཁྲལ་ཆེ་ཤོས་གཉིས་ནི། རྒྱ་ནག་གིས་གོ་ལའི་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་ངན་པ་དང་དྲ་བའི་བདེ་འཇགས་ཡིན་འདུག་སྟེ། མཉམ་ཞུགས་པའི་བརྒྱ་ཆ་ ༨༧ ལྷག་གིས་དེ་གཉིས་“ཉེན་ཁ་ཚབས་ཆེན་”དུ་མཐོང་ཚུལ་བརྗོད་འདུག་ལ། དེ་མིན་ད་དུང་བརྒྱ་ཆ་ ༨༢ གྱིས་རྒྱ་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་སྲིད་བྱུས་དེ་ཉེན་ཁར་མཐོང་སྐོར་བཤད་ཡོད་འདུག 

དེ་ཡིས་མ་ཚད་ད་དུང་ཕྱི་ཟླ་ ༣ ཚེས་ ༡༤ ནས་ཕྱི་ཟླ་ ༤ ཚེས་ ༥ བར་བྱས་པའི་ཧེ་རེ་སི་ཉམས་ཞིབ་(Harris Poll Survey)ཀྱི་གྲུབ་དོན་དུ། ཨ་རིའི་མི་མང་གི་བརྒྱ་ཆ་ ༧༧ གྱིས་ནད་ཡམས་འདིའི་འགན་རྒྱ་ནག་ལ་ཡོད་པའི་ཆེས་བྱེད་ཀྱི་ཡོད་ཚུལ་འཁོད་འདུག་ལ། ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀའི་བརྒྱ་ཆ་ ༧༠ཙམ་གྱིས་ནད་ཡམས་ཀྱི་འགན་རྒྱ་ནག་ལ་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད་འདུག 

དེ་དང་ཆབས་ཅིག ཊོམ་སྲིད་གཞུང་ནས་པེ་ཅིང་ལ་ཕྱི་གསལ་ནང་གསལ་དགོས་པའི་དགོས་འདུན་ཤུགས་ཆེ་རུ་གཏོང་བཞིན་པའི་ཁར། གཞུང་འབྲེལ་ཐོག་ནས་ནད་ཡམས་ཀྱི་འབྱུང་ཁུངས་དངོས་གང་ཡིན་རྩད་གཅོད་ཞིབ་འཇུག་བྱེད་འགོ་བརྩམས་ཟིན་པ་མ་ཟད། ཨ་རིའི་མངའ་སྡེ་མཱ་སོ་རི་(Missouri)འདུས་པའི་གཞུང་དང་ཚོགས་པ་མི་ཉུང་བ་་ཞིག་གིས་རྒྱ་ནག་གཞུང་ལ་ཁྲིམས་གཏུགས་བྱས་ཏེ།ནད་ཡམས་ལ་བརྟེན་ནས་བྱུང་བའི་དཔལ་འབྱོར་ཉམས་རྒུད་ལ་གུན་གསབ་དགོས་པའི་དགོས་འདུན་བཏོན་ཡོད་འདུག། 

གསར་འགོད་པ་དཀོན་མཆོག་རབ་བརྟན།