ཨ་རིའི་འབོད་སྐུལ་ལ་སྣང་མེད་བཏང་འདུག

ཟླ་འདིའི་ཚེས་༡༣ ཉིན་ཆབ་སྲིད་དཔྱད་བརྗོད་པ་ཨ་མེ་ཊིས་(Amit Sengupta) བརྗོད་གསལ་ལྟར་ན། ཨ་རི་དང་སོ་དྷི་ཨ་རབ་བར་གྱི་འབྲེལ་བ་ཇེ་ཞན་དུ་སོང་ནས། ད་ལྟའི་ཆར་སོ་དྷི་ཨ་རབ་དང་རྒྱ་དཀར་ནག་གཉིས་ཀྱི་བར་འབྲེལ་བ་བཟང་དུ་འགྲོ་བཞིན་ཡོད་པ་མ་ཟད། སོ་དྷི་ཨ་རབ་དང་ཨུ་རུ་སུའི་བར་གྱི་འབྲེལ་བ་ཡང་ཇེ་ཡག་ཏུ་འགྲོ་བཞིན་ཡོད་རབ་བརྗོད་འདུག

 འདས་པའི་ལོ་མང་རིང་སོ་དྷི་ཨ་རབ་ཀྱིས་ཨ་རི་ལ་སྣུམ་བཙོངས་པ་དང་ཨ་རི་གཞུང་གིས་སོ་དྷི་ཨ་རབ་ལ་དམག་དང་དཔལ་འབྱོར་གྱི་ཐོག་ལ་རོགས་རམ་བྱེད་ཀྱི་ཡོད་ཀྱང་། རྒྱུན་དུ་ཕྱོགས་གཉིས་བར་གྱི་འབྲེལ་བ་ནི་ཧ་ཅང་རྙོག་འཛིང་ཅན་ཞིག་ཆགས་ཡོད་འདུག ཨ་རི་དང་སོ་དྷི་ཨ་རབ་གཉིས་ཀྱིས་བདེ་འཇགས་དང་དཔལ་འབྱོར། ནུས་ཤུགས་དང་བཟོ་ལས་བཅས་ཀྱི་ཐོག་ལ་དུས་ཡུན་རིང་པོར་མཉམ་ལས་བྱེད་བཞིན་ཡོད་རུང་། ཨེ་རན་གྱི་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་། ཡེ་མེན་གྱི་དམག་འཁྲུག་དང་ནུས་ཤུགས་(energy) བཅས་ཀྱི་ཐོག་ལ་ཕྱོགས་གཉིས་ཀྱིས་ལངས་ཕྱོགས་འཛིན་སྟངས་ཐོག་འགལ་ཟླ་དང་སེམས་འཚབ་ཡོང་གི་ཡོད་འདུག

ལྷག་པར་དུ་ཕྱི་ལོ་༢༠༡༨ ལོ་ཨ་རི་གཞུང་གིས་སོ་དྷི་ཨ་རབ་ལ་རྡོ་སྣུམ་ཐོན་ཚད་མང་དུ་གཏོང་རྒྱུའི་རེ་བ་ཞུས་ཀྱང་སོ་དྷི་ཨ་རབ་གཞུང་གིས་ཁས་ལེན་བྱས་མེད་པ་དང་། ཕྱི་ལོ་༢༠༡༩ ལོར་སོ་དྷི་ཨ་རབ་ཀྱིས་ཨ་རིའི་གསར་འགོད་པ་ཇེ་མལ་ཁ་ཤོ་གྷི་(Jamal Khashoggi) སྲོག་ཐོག་བཏང་བར་བརྟེན། ཕྱོགས་གཉིས་ཀྱི་འབྲེལ་བར་དོ་ཕོག་ཕྱིན་ཡོད་པ་མ་ཟད་། ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་ལངས་ནས་བཟུང་། ཨ་རི་གཞུང་གིས་སོ་དྷི་ཨ་རབ་ལ་རྡོ་སྣུམ་གྱི་ཐོན་ཚད་མང་དུ་གཏོང་བའི་འབོད་སྐུལ་ཞུས་ཡོད་འདུག གལ་སྲིད་སོ་དྷི་ཨ་རབ་ཀྱིས་རྡོ་སྣུམ་ཐོན་ཚད་མང་དུ་བཏང་ཚེ་ཁྲོམ་རའི་ནང་རྡོ་སྣུམ་གྱི་གོང་ཚད་ཆག་ནས་སོ་དྷི་ཨ་རབ་ཀྱི་རྡོ་སྣུམ་ཉོ་མཁན་མང་དུ་ཕྱིན་ནས་ཨ་རིའི་གཞུང་གིས་ཨུ་རུ་སུ་ཁེར་རྐྱང་དུ་བསྐྱུར་རྒྱུ་ལ་ཕན་ཐོགས་ཡོད་པ་ཙམ་མ་ཟད། ཨ་རིའི་གཞུང་ལ་རིན་གོང་དམའ་བའི་རྡོ་སྣུམ་ཉོ་རྒྱུ་བཅས་དཔལ་འབྱོར་ཐོག་ཁེ་སང་ཆེན་པོ་རག་གི་ཡོད་འདུག ཡིན་ན་ཡང་། སོ་དྷི་ཨ་རབ་ཀྱིས་སོ་སོའི་ཁེ་ཕན་གཙོ་བོ་བཟུང་ནས་ཨ་རིའི་འབོད་སྐུལ་དང་གནོན་ཤུགས་སྣང་མེད་དུ་བཏང་ནས་རྡོ་སྣུམ་གྱི་ཐོན་ཚད་ཉུང་འཕྲི་བྱས་ཡོད་འདུག

གཞན་ཡང་ཕྱི་ལོ་༢༠༡༧ ལོ་སོ་དྷི་ཨ་རབ་དང་རྒྱ་ནག་གཉིས་ཀྱིས་ཉིང་རྡུལ་ནུས་པའི་(nuclear energy) ་གནད་དོན་ཐད་མཉམ་ལས་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་མ་ཟད། ཕྱི་ལོ་༢༠༢༢ ལོ་སོ་དྷི་ཨ་རབ་ཀྱིས་རྒྱ་ནག་དང་མཚོན་ཆའི་ཉོ་ཚོང་གི་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད་པ་བཅས་ཕྱོགས་གཉིས་བར་གྱི་འབྲེལ་བ་ཡག་ཏུ་འགྲོ་བཞིན་ཡོད་པ་ཟད། སོ་དྷི་ཨ་རབ་དང་རྒྱ་གར་བར་གྱི་འབྲེལ་བ་དང་སོ་དྷི་ཨ་རབ་དང་ཨུ་རུ་སུའི་བར་གྱི་འབྲེལ་བ་ཡང་ཡག་ཏུ་འགྲོ་བཞིན་ཡོད་རབས་བརྗོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།