ཨ་རིའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་ཆེན་མོའི་དཀྱོག་མཚམས་གསར་པ་ཞིག
ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་པ་སྐུ་ཞབས་བྷེ་ནིས་སེན་ཌེར་གྱིས། ཚོགས་པ་དེའི་སྲིད་འཛིན་འོས་མིར་འགྲན་ཞུགས་པ་ལྕམ་ཧི་ལ་རཱི་ཁེ་ལེན་ཊོན་ལ་རྒྱབ་སྐྱོར་བྱས་པ་དང་། རང་ཉིད་འགྲན་སྡུར་ལས་ཕྱིར་འཐེན་བྱས་འདུག
ཟླ་འདིའི་ཚེས་༡༢ ཉིན་ཨ་རིའི་རྒྱལ་ཡོངས་སྲིད་འཛིན་གྱི་འོས་བསྡུ་ཆེན་མོའི་ལས་རིམ་ཁྲོད། དཀྱོག་མཚམས་གསར་པ་ཞིག་བྱུང་ཡོད་པ་ནི། མི་མང་དཀྱུས་མ་དང་ཉམས་ཐག་མི་རིགས་ནག་པོ་དང་། ཡུལ་གྱར་བ་མང་པོ་ཞིག་གིས་རྒྱབ་སྐྱོར་བྱེད་ཡུལ། མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་པ་སྐུ་ཞབས་བྷེ་ནིས་སེན་ཌེར་གྱིས། ཚོང་བདག་ཆེན་མོ་མང་པོ་ཞིག་གིས་རྒྱབ་སྐྱོར་བྱེད་ཡུལ་ཚོགས་པ་དེའི་སྲིད་འཛིན་འོས་མིར་འགྲན་ཞུགས་པ་གཞན་པ་ལྕམ་ཧི་ལ་རཱི་ཁེ་ལེན་ཊོན་ལ་རྒྱབ་སྐྱོར་བྱས་ནས། རང་ཉིད་འོས་འགྲན་ལས་ཕྱིར་འཐེན་བྱས་ཡོད་འདུག
སྐུ་ཞབས་བྷེ་ནིས་དང་ལྕམ་ཧི་ལ་རཱི་གཉིས་མི་མང་འདུ་འཛོམས་ཤིག་ལ་མཉམ་དུ་ཡོང་ནས། ཁོང་གིས་ཨ་རིའི་མི་མང་གི་དགོས་མཁོ་ལ་གཞིགས་ནས། ལྕམ་ཧི་ལ་རི་ཨ་རིའི་སྲིད་འཛིན་གྱི་འོས་ཐོབ་ཐབས་གང་ཡོང་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག སྐབས་དེར་མི་མང་ཁྲོད་རྒྱབ་སྐྱོར་གྱི་རྣམ་པ་སྟོན་མཁན་ཤུགས་ཆེན་པོ་ཡོད་ཀྱང་། མི་འདོད་པའི་རྣམ་འགྱུར་སྟོན་མཁན་ཡང་མི་ཉུང་བ་ཞིག་བྱུང་ཡོད་འདུག་པ་དང་། མི་མང་ནང་ལྕམ་ཧི་ལ་རིར་ཡིད་ཆེས་མེད་མཁན་མང་པོ་ཡོད་འདུག སྐུ་ཞབས་བྷི་ནིས་ཀྱི་རྒྱབ་སྐྱོར་བ་མང་པོ་ཞིག་གིས། ཁོང་ལ་ཚོགས་པ་དེའི་སྲིད་འཛིན་འོས་མི་ཐོབ་ཐབས་མེད་པས། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཚོང་པ་དང་ཨ་སྒོར་ཐེར་འབུམ་གྱི་བདག་པོ་སྐུ་ཞབས་ཌོ་ནལ་ཊ་ཊི་རམ་ལས། ལྕམ་ཧི་ལ་རི་སྲིད་འཛིན་ཐོབ་ན་ཨ་རི་ལ་ཁེ་ཕན་ཆེ་བ་མཐོང་ནས། ཁོ་མོར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་སྐོར་བརྗོད་མཁན་མང་པོ་འདུག
ལྕམ་ཧི་ལ་རི་ཡིས་སྐུ་ཞབས་བྷི་ནིས་ཀྱིས་གལ་ཆེན་བརྩི་བཞིན་པའི་གནད་དོན་ཁག་གི་ཐོག་ལ་རྒྱབ་སྐྱོར་ཡོད་པ་དང་། དེ་དག་ལག་ལེན་བསྟར་རྒྱུ་ཡིན་སྐོར་བརྗོད་འདུག སྤྱི་མཐུན་ཚོགས་པའི་འོས་མི་སྐུ་ཞབས་ཌོ་ནལ་ཊ་ཊི་རམ་གྱིས་དཀྱོག་མཚམས་དེར་ཧང་སང་བ་དང་། སྐུ་ཞབས་བྷི་ནིས་ཀྱིས་རང་གི་རྒྱབ་སྐྱོར་བའི་ཡིད་ཆེས་དང་རང་ཉིད་རང་ལ་དྲང་བདེན་བྱས་མེད་པར་སེམས་ཕམ་བྱུང་སྐོར་བརྗོད་འདུག
གལ་ཏེ་ཟླ་༡༡ ནང་གི་སྲི་འཛིན་འོས་བསྡུ་ཆེན་མོའི་ཁྲོད་ལྕམ་ཧི་ལ་རཱི་ཐོབ་ཚེ། ཨ་རིའི་ལོ་རྒྱུས་ནང་བུད་མེད་ཀྱི་སྲིད་འཛིན་ཐོག་མ་དེ་ཆགས་རྒྱུ་ཡིན་པ་རེད། །
གསར་འགོད་པ་སྐལ་བཟང་དོན་གྲུབ།