ཨ་རིའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་ཐའེ་ཝན་གྱི་སྲིད་འཛིན་གསར་པ་དང་མཇལ་འཕྲད་བྱས།
ཟླ་འདིའི་ཚེས་༢༧ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཐའེ་ཝན་གྱི་སྲིད་འཛིན་གསར་པས་དམ་འབུལ་བྱས་ནས་ཉིན་གསུམ་གྱི་རྗེས། རྒྱ་གཞུང་གིས་ཐའེ་ཝན་གྱི་ཕྱོགས་བཞི་ལ་ཉིན་གྲངས་གཉིས་རིང་དམག་སྦྱོང་གཞི་རྒྱ་ཆེ་བ་ཞིག་བྱས་ཡོད་པ་དང་། དེའི་རྗེས་ཨ་རིའི་གཞུང་གིས་ཐའེ་ཝན་ལ་རྒྱབ་སྐྱོར་མཚོན་ཆེད། སྐུ་ཚབ་ཚོགས་ཆུང་ཞིག་ཐའེ་ཝན་ལ་བཏང་ནས་སྲིད་འཛིན་གསར་པ་དང་མཇལ་འཕྲད་བྱས་ཡོད་འདུག

ཐའེ་ཝན་སྲིད་འཛིན་གྱིས་དམ་འབུལ་བྱས་ནས་ཉིན་གྲངས་གསུམ་གྱི་རྗེས། རྒྱ་གཞུང་གིས་ཐའེ་ཝན་གྱི་ཕྱོགས་བཞི་ལ་ཉིན་གྲངས་གཉིས་ཀྱི་རིང་དམག་སྦྱོང་གཞི་རྒྱ་ཆེ་བ་ཞིག་སྤེལ་རྗེས། ཟླ་འདིའི་ཚེས་༢༦ ་ཉིན་ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་གཉིས་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་བཞི་བཅས་གྲོས་ཚོགས་འཐུས་མི་དྲུག་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་ཞིག་ཐའེ་ཝན་དུ་འབྱོར་ཞིང་། ཚེས་༢༧ ཉིན་ཐའེ་ཝན་གྱི་སྲིད་འཛིན་གསར་པ་དང་མཇལ་འཕྲད་བྱས་ནས་ཨ་རིའི་གཞུང་གིས་ཐའེ་ཝན་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་ཤུགས་ཆེན་བསྟན་འདུག
ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་དེ་ཟླ་འདིའི་ཚེས་༣༠ བར་ཐའེ་ཝན་དུ་བསྡད་ནས་ཐའེ་ཝན་གྱི་མཐོ་རིམ་འགོ་ཁྲིད་ཚོ་དང་ལྷན་དུ་ཨ་རི་དང་ཐའེ་ཝན་བར་གྱི་འབྲེལ་ལམ་དང་ས་ཁུལ་གྱི་བདེ་འཇགས། ཚོང་དོན་སོགས་ཀྱི་ཐོག་ལ་གྲོལ་མོལ་གནང་རྒྱུ་ཡིན་འདུག ཐའེ་ཝན་གྱི་སྲིད་འཛིན་གསར་པས་དམ་འབུལ་བྱས་ནས་བཟུང་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཕེབས་པ་ཐོག་མ་དེ་ཆགས་ཡོད་འདུག
ཨ་རིའི་སྐུ་ཚབ་ཚོགས་པ་དེ་ནི་ཨ་རིའི་གྲོས་ཚོགས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་གྲོས་ཚོགས་འཐུས་མི་མའེ་ཀལ་མེ་ཀོལ་(Michael McCaul)་གྱིས་འགོ་ཁྲིད་ཡོད་པ་དང་། ཁོང་གིས་ཁོང་དང་ཁོང་གི་ལས་རོགས་ཚོས་མཛེས་སྡུག་ལྡན་པའི་གླིང་ཕྲན་འདི་ལ་རྒྱབ་སྐྱོར་ཤུགས་ཆེན་ཡོད་པ་དང་ཨ་རི་ནི་ད་ལྟ་དང་དུས་རྟག་ཏུ་བློས་འགེལ་ཆོག་པའི་རོགས་ཟླ་ཞིག་ཡིན་ཞིང་། བཙན་སྐུལ་དང་འཇིགས་སྐུལ་གང་ཡིན་ཡང་གྲོས་ཚོགས་ཀྱི་སྐུ་ཚབ་ཐའེ་ཝན་ལ་འཚམས་འདྲི་འགྲོ་སྲོལ་དེ་དལ་དུ་གཏོང་བའམ། ཡང་ན་མཚམས་འཇོག་བྱེད་མི་ཐུབ་ཅེས་བརྗོད་འདུག། ཐའེ་ཝན་གྱི་སྲིད་འཛིན་དང་མཇལ་འཕྲད་གནང་བའི་སྐབས་སུ། ཁོང་གིས་འཇིགས་སྐུལ་རང་བཞིན་ལྡན་པའི་རྒྱ་ནག་གི་དམག་སྦྱོང་ལ་ཡང་སྐྱོན་བརྗོད་དང་། དམག་སྦྱོང་དེ་ཡིས་རྒྱ་གཞུང་གིས་ཞི་བའི་ཐོག་ནས་ཐའེ་ཝན་ཟླ་སྒྲིལ་གཏོང་རྒྱུ་ལ་འདོད་པ་མེད་པ་སྟོན་གྱི་ཡོད་པ་རེད་ཅེས་དང་། དམངས་གཙོའི་རྒྱལ་ཁབ་ཚང་མས་ངེས་པར་དུ་མཉམ་རུབ་ཀྱིས་བཙན་ཤེད་དང་གདུག་རྩུབ་ཆེ་བའི་སྲིད་གཞུང་ལ་ཁ་གཏད་གཅོག་དགོས་ཞེས་བརྗོད་ཡོད་འདུག
ཐའེ་ཝན་གྱི་སྲིད་འཛིན་ལའེ་ཆིན་ཏེ་ཡིས་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་དང་། ཨ་རིའི་གྲོས་ཚོགས་ཀྱིས་ཐའེ་ཝན་གྱི་རང་སྲུང་གི་ནུས་ཤུགས་ཆེ་རུ་གཏོང་རྒྱུའི་ཐད་རོགས་རམ་མུ་མཐུད་གནང་བའི་རེ་བ་ཡོད་ཅེས་བརྗོད་འདུག
ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་གསར་པས་ཐེངས་འདིའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་འཚམས་འདྲི་དེ་ནི་འགག་རྩའི་དུས་སྐབས་སུ་ཆིག་སྒྲིལ་གྱི་རྣམ་འགྱུར་གལ་ཆེན་ཞིག་རེད་ཅེས་བརྗོད་འདུག ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཐའེ་ཝན་དུ་ཡོང་བར་རྒྱ་ནག་གིས་སྐྱོན་བརྗོད་ཤུགས་ཆེན་བྱས་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།