ཨ་རིའི་སྤྱི་མཐུན་ཚོགས་པའི་ཚོགས་མི་མང་པོས་ཇོ་བྷ་ཌན་གྱིས་ཨི་རན་ལ་རྒོལ་ལན་སློག་དགོས་པར་བརྗོད།
ཟླ་འདིའི་ཚེས་༣༠ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨི་རན་གྱི་རྒྱབ་སྐྱོར་འོག་ཡོད་པའི་ཁ་ཆེའི་དྲག་དཔུང་ཞིག་གིས་ཨ་རིའི་དམག་མི་གསུམ་བསད་པ་དང་བཅུ་ཕྲག་ལྷག་རྨས་ཡོད་པར་བརྟེན། ཨ་རིའི་སྲིད་འཛིན་ལ་ཆབ་སྲིད་ཀྱི་གནོན་ཤུགས་ཆེན་པོ་སླེབ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

གཟའ་ཉི་མའི་ཉིན་ཨི་རན་གྱི་རྒྱབ་སྐྱོར་འོག་ཡོད་པའི་ཁ་ཆེའི་དྲག་དཔུང་གིས་གཏོར་རྒོལ་བྱས་ནས་ཨ་རིའི་དམག་མི་གསུམ་བསད་ཡོད་པ་དང་། སུམ་ཅུ་ལྷག་རྨས་སྐྱོན་བཏང་ཡོད་པར་བརྟེན། ཨ་རིས་ཨི་རན་ལ་ཐད་ཀར་རྒོལ་ལན་སློག་དགོས་པའི་ཆབ་སྲིད་ཀྱི་གནོན་ཤུགས་ཨ་རིའི་སྲིད་འཛིན་ལ་སླེབ་བཞིན་ཡོད་འདུག ཡིན་ཡང་། ཨ་རིའི་སྲིད་འཛིན་གྱིས་དམག་འཁྲུག་གཞི་རྒྱ་ཆེ་རུ་འགྲོ་བའི་ཞེད་སྣང་གིས་ཨི་རན་ལ་རྒོལ་ལན་སློག་རྒྱུ་ལ་ཐེ་ཚོམ་བྱེད་བཞིན་ཡོད་འདུག
སྔ་ལོའི་ཕྱི་ཟླ་༡༠ པའི་ནང་ཧ་མ་སི་དང་ཨི་སེ་རེལ་བར་དམག་འཁྲུག་ལངས་ནས་བཟུང་། ཨི་རག་དང་སི་རི་ཡ། ཇོར་ཌན་དང་ཡེ་མེན་བཅས་སུ་ཡོད་པའི་ཨི་རན་གྱི་རྒྱབ་སྐྱོར་འོག་ཡོད་པའི་ཁ་ཆེའི་དྲག་དཔུང་ཚོས་དབུས་ཤར་ས་ཁུལ་དུ་བཅའ་སྡོད་ཨ་རིའི་དམག་དཔུང་ལ་གཏོར་རྒོལ་ཐེངས་༡༥༠ ལྷག་བྱས་ཡོད་ཀྱང་། ད་བར་ཨ་རིའི་དམག་མི་བསད་པ་དང་ཕོན་ཆེན་རྨས་པ་དེ་འདྲ་བྱུང་མེད་པ་རེད་འདུག
ཐེངས་འདིའི་གཏོར་རྒོལ་ཁྲོད་ཨ་རིའི་དམག་མི་ཤི་རྨས་བྱུང་ཡོད་པར་བརྟེན། ཨ་རིའི་སྤྱི་མཐུན་ཚོགས་པའི་ཚོགས་མི་མང་པོས་ཨི་རན་དང་དབུས་ཤར་ས་ཁུལ་ལ་ཕར་རྒོལ་བྱེད་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད་འདུག ཡིན་ན་ཡང་། ཨེ་རན་གྱིས་ཐེངས་འདིའི་གཏོར་རྒོལ་ཁྲོད་ཁོང་ཚོ་ཚུད་མེད་ཅེས་བརྗོད་འདུག
ཨ་རིའི་སྲིད་འཛིན་གྱིས་ལན་སློག་རྒྱུ་ཡིན་ཞེས་བརྗོད་པ་ལས་གནས་ཚུལ་ཞིབ་ཕྲ་བརྗོད་མེད་པ་རེད་འདུག ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་ཕུ་ཡིས་ཐེངས་འདིའི་གཏོར་རྒོལ་དེ་སྲིད་འཛིན་བྷ་ཌན་གྱིས་མགོ་སྒུར་བ་དང་ཁོང་གཉོམ་ཆུང་ནུས་མེད་ཡིན་པའི་འབྲས་བུ་ལས་བྱུང་བ་རེད་ཅེས་བརྗོད་འདུག
གནས་ཚུལ་དབྱེ་ཞིབ་པ་ཚོས། ཨ་རིས་ཨི་རན་གྱི་ཕྱི་ལོགས་སུ་ཡོད་པའི་དྲག་དཔུང་དག་ལ་གཏོར་རྒོལ་བྱས་མྱོང་ཡོད་ཀྱང་། གལ་སྲིད་ཨ་རིས་ཨི་རན་མངའ་ཁོངས་སུ་ཡོད་པའི་ཁ་ཆེའི་དྲག་དཔུང་ཚོ་ཡ་ལན་སློག་ཚེ། ཨི་རན་གྱིས་ཀྱང་ནུས་ཤུགས་ཡོད་རྒུ་བཏོན་ནས་ཕྱོགས་གཉིས་བར་དམག་འཁྲུག་གཞི་རྒྱ་ཆེ་རུ་འགྲོ་སྲིད་པ་མ་ཟད། མཐའ་མ་ཨ་རི་ནི་དབུས་ཤར་ས་ཁུལ་གྱི་དམག་འཁྲུག་ནང་འཇུག་སྲིད་པ་རེད་ཅེས་བརྗོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ
