ཨ་རིའི་སྲིད་འཛིན་གྱི་འོས་མིའི་ཆེད་མང་གཙོ་ཚོགས་པའི་འོས་མིའི་འོས་འགྲན།
ཨ་རིའི་སྲིད་འཛིན་གྱི་འོས་མིིའི་ཆེད་མང་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མི་ལྕམ་ཧི་ལ་རེ་ཁེ་ལེན་ཊོན་ཐོབ་རྒྱུར་ཚོད་དཔག་བྱས་ཡོད་པ་དང་། འོས་བསྡུ་ཆ་ཚང་མཇུག་བསྒྲིལ་མེད་ནའང་། ཨེ་པེ་གསར་ཤོག་གིས་ལྕམ་ཧི་ལ་རེ་ལ་ཐོབ་པའི་ཚོད་དཔག་བྱས་རྐྱེན། བརྒྱུད་ལམ་དེ་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་འདུག
དེ་ཡང་ཟླ་འདིའི་ཚེས་༨ ཉིན་ཨ་རིའི་སྲིད་འཛིན་འོས་མིའི་ཆེད་མངའ་སྡེ་ཆེ་ཤོས་གྲས་ཁེ་ལི་ཧྤོ་ནི་ཡ་ལ་མང་གཙོ་ཚོགས་པའི་འོས་མི་གཉིས་བར་འོས་བསྡུ་བྱེད་རྒྱུ་ཡིན་ཁར། ཚེས་༧ ཉིན་ཨེ་པེ་གསར་ཤོག་གི་གནས་ཚུལ་དེ་བཏོན་རྐྱེན། མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་བཞུགས་པ་སྐུ་ཞབས་བྷེ་ནི་སན་ཌེར་གྱི་རྒྱབ་སྐྱོར་བ་ཚོས། དུས་ཚོད་གནད་འགག་ཆེན་པོ་དེ་འདྲ་ཞིག་ལ། གནས་ཚུལ་དེ་བཏོན་པས། འོས་བསྡུ་ལ་ཤུགས་རྐྱེན་ཐེབས་སྲིད་སྐོར་དང། སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཐོག་ཏུ། མི་ཁག་ཅིག་གིས། འོས་བསྡུ་ཆ་ཚང་གྲུབ་རྒྱུ་ཡིན་ཁར། ཟླ་༧ པའི་ནང་མང་གཙོ་ཚོགས་པའི་ཚོགས་ཆེན་ཐོག།དམིགས་བསལ་འཐུས་ཚབ་ཀྱིས་འོས་མི་གཉིས་ལ་འོས་བླུགས་རྒྱུ་ཡིན་ཁར། ཨེ་པེ་གསར་ཤོག་གི་ཐག་ཆོད་པོའི་ཐོག་ལྕམ་ཧི་ལ་རེ་འོས་ཐོབ་རྒྱུ་ཡིན་པའི་གནས་ཚུལ་བཏོན་པ་དེས། མི་མང་གིས་གསར་ཁང་ཁག་ལ་ཡིད་ཆེས་བྱེད་ཀྱི་མེད་པའི་རྒྱུ་མཚན་ཞིག་རེད་ཅེས་དང། དེ་བཞིན་མི་མང་ས་ཡ་མང་པོ་འོས་བླུགས་རྒྱུ་ཡིན་ཡང། གསར་ཤོག་དེས་འོས་མི་གསལ་བསྒྲགས་བྱས་པ་དེས། མི་མང་དེ་དག་གི་འོས་ཤོག་ཐོབ་ཐང་ཕྲོགས་པ་དང་གཅིག་མཚུངས་ཡིན་སྐོར་སོགས་སྐྱོན་བརྗོད་བྱེད་མཁན་མང་པོ་འདུག
ཨ་རིའི་སྲིད་འཛིན་གྱི་དངོས་གཞི་འོས་བསྡུ་ཆེན་མོར། ཆབ་སྲིད་ཚོགས་པ་གཉིས་ཀྱི་བར་འོས་འགྲན་བྱེད་ཀྱི་ཡོད་པ་དང། ད་ལྟའི་ཆར་སྤྱི་མཐུན་ཚོགས་པའི་འོས་མི་ཚོང་པ་དང་ཨ་སྒོར་ཐེར་འབུམ་གྱི་བདག་པོ་སྐུ་ཞབས་ཌོ་ནལ་ཊ་ཊི་རམ་ཡིན་གཏན་ཁེལ་བ་དང་། འོས་མི་གཞན་རྣམས་ཕྱིན་འཐེན་བྱས་ཡོད་པ་རེད། མང་གཙོ་ཚོགས་པའི་འོས་མི་གཉིས་ཀྱི་བར་འོས་བསྡུ་བྱེད་བཞིན་ཡོད་པ་རེད། ཆབ་སྲིད་ཚོགས་པའི་འོས་བསྡུའི་གྲུབ་འབྲས་ཐོག གྲོས་ཚོགས་མི་སྣ་དང། མངའ་སྡེའི་སྤྱི་ཁྱབ་བློན་ཆེན། སྲིད་འཛིན་ཟུར་པ་སོགས་ཚུད་པའི་དམིགས་བསལ་སྐུ་ཚབ་ཀྱིས། ཕྱི་ཟླ་༧ པའི་ནང་ཚོགས་པའི་ཚོགས་ཆེན་སྟེང། འོས་མི་གཉིས་ལས་སུ་ལ་རྒྱབ་སྐྱོར་ཡོད་མེད་ཀྱི་འོས་ཤོག་འཕེན་རྒྱུ་ཡིན་པ་རེད། འོས་བསྡུ་དེར་འཛམ་གླིང་གང་ས་ནས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་དང། གལ་ཏེ་ཐེངས་འདིར་ལྕམ་ཧི་ལ་རེ་ལ་ཚོགས་པ་དེའི་འོས་མི་ཐོབ་ཚེ། ཨ་རིའི་ལོ་རྒྱུས་ནང་བུད་མེད་ཅིག་ཚོགས་པ་ཆེན་པོ་ཞིག་ལ་འོས་མི་ཐོབ་པ་ཐེངས་དང་པོ་ཆགས་རྒྱུ་ཡིན་པ་རེད། སྐུ་ཞབས་བྷེར་ནི་ཡིས་མུ་མཐུད་དུ་འོས་འགྲན་བྱེད་རྒྱུ་ཡིན་པ་ལས། ཕྱིར་འཐེན་བྱེད་རྒྱུ་མིན་སྐོར་འགྲེལ་བརྗོད་བྱས་འདུག ཁོང་གིས་ཕྱི་ཟླ་༧ པའི་ནང་གི་མང་གཙོ་ཚོགས་པའི་ཚོགས་ཆེན་ཐོག དམིགས་བསལ་སྐུ་ཚབ་རྣམས་ཀྱིས་རྒྱབ་སྐྱོར་ཐོབ་པར་གདེངས་ཚོད་བྱེད་ཀྱི་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།