ཨ་རིའི་སྲིད་འཛིན་གྱིས་ཧྥ་ལི་ཕིང་ལ་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་བྱས།

ཟླ་འདིའི་ཚེས་༡༢ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་སུ། ཨ་རིའི་སྲིད་འཛིན་གྱིས་ཉི་ཧོང་དང་ཧྥི་ལི་ཕིང་བཅས་ཀྱི་ཆེས་མཐོའི་འགོ་ཁྲིད་དང་ཆེས་ཐོག་མའི་ཚོགས་འདུ་ཞིག་ཨ་རིའི་ཕོ་བྲང་དཀར་པོའི་ནང་སྐོང་འཚོག་གནང་བ་དང་། སྐབས་དེར་ཨ་རིའི་སྲིད་འཛིན་གྱིས་ལྷོ་རྒྱ་ནག་རྒྱ་མཚོའི་ཕྱོགས་གང་ནས་ཧྥི་ལི་ཕིང་ལ་གཏོར་རྒོལ་བྱུང་རུང་ཨ་རིས་ཧྥི་ལི་ཕིང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་ཁས་ལེན་བྱས་ཡོད་འདུག

པར།THE HINDU

ཟླ་འདིའི་ཚེས་༡༡ ཉིན་ཨ་རིའི་སྲིད་འཛིན་གྱིས་ཉི་ཧོང་གི་སྲིད་བློན་དང་ཧྥི་ལི་ཕིང་གི་སྲིད་འཛིན་གཉིས་ལ་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཐུག་འཕྲད་བྱེད་སྐབས། སྲིད་འཛིན་བྷ་ཌན་གྱིས་ཨ་རིས་ཉི་ཧོང་དང་ཧྥི་ལི་ཕིང་གཉིས་སྲུང་སྐྱོབ་བྱེད་རྒྱུའི་དམ་བཅའ་ནི་ལྩགས་རི་ལྟ་བུ་ཞིག་ཡིན་ཞེས་བརྗོད་འདུག

ཐེངས་འདིར་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་ཚོ་ལྷན་དུ་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཚོགས་པའི་ལྷན་ཚོགས་དེ་ནི་རྒྱ་ནག་གི་མཚོ་དམག་དང་ཧྤི་ལི་ཕིང་གི་དམག་གྲུའི་བར་རྩོད་རྙོག་ཆེ་བའི་མཚོ་ལམ་ཐོག་གདོང་ཐུག་ཡང་ཡང་བྱུང་བའི་རྗེས་སུ་བྱུང་ཡོད་པ་དང་། རྒྱ་ནག་དང་ཧྥི་ལི་ཕིང་བར་གྱི་གདོང་ཐུག་དེ་རྣོ་ངར་ཇེ་ཆེར་འགྲོ་རྒྱུའི་འཇིགས་སྣང་ཡོང་གི་ཡོད་འདུག

ཕྱི་ལོ་༡༩༥༡ ལོ་ནས་བཟུང་ཨ་རི་དང་ཧྥི་ལི་ཕིང་དབར་ཕན་ཚུན་སྲུང་སྐྱོབ་ཀྱི་ཆིངས་ཡིག་ཅིག་བཞག་ཡོད་པར་བརྟེན། སྲིད་འཛིན་བྷ་ཌན་གྱིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ནས་ཧྥི་ལི་ཕིང་གི་གནམ་གྲུ་དང་གྲུ་གཟིངས་སོགས་ལ་གཏོར་རྒོལ་ཅི་ཞིག་བྱས་ཚེ། ཆིངས་ཡིག་དེར་སྐུལ་འདེད་བྱས་པ་རེད་ཅེས་བརྗོད་འདུག སྲིད་འཛིན་བྷ་ཌན་གྱིས་ད་ལོ་ཙམ་མ་ཟད། ན་ནིང་ཧྥི་ལི་ཕིང་གི་སྲིད་འཛིན་ཕོ་བྲང་དཀར་པོར་གདན་འདྲེན་ཞུ་དུས་སུ་ཡང་ཁས་ལེན་གཅིག་མཚུངས་བྱས་ཡོད་འདུག

རྒྱ་ནག་དང་ཧྥི་ལི་ཕིང་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པའི་དབང་གིས་ཉེ་བའི་ལོ་ཤས་ནང་ཧྥི་ལི་ཕིང་གིས་རྒྱ་ནག་གི་འཛུགས་བསྐྲུན་གྱི་ལས་གཞི་ཁག་ཅིག་བཀག་སྡོམ་བྱས་པ་དང་ལྷན་ཨ་རི་དང་འབྲེལ་བ་ཟབ་ཏུ་བཏང་ཡོད་འདུག ཨ་རི་ལ་མཚོན་ན་ཡང་ས་ཁུལ་དེར་རྒྱ་ནག་གིས་ཨ་རིའི་སྟོབས་ཤུགས་དང་ཤུགས་རྐྱེན་ལ་ཁ་གཏད་གཅོག་བཞིན་ཡོད་པར་བརྟེན། ཧྤི་ལི་ཕིང་ནི་དམག་དོན་གྱི་ལྟེ་གནས་གལ་ཆེན་ཞིག་གྱུར་པ་ལྟར། ན་ནིང་ཨ་རིས་མཚོ་ཁུལ་དུ་དམག་སྒར་བཞི་གསར་འཛུགས་བྱེད་རྒྱུའི་མོས་མཐུན་བྱུང་ཡོད་འདུག དེ་བཞིན་ཧྥི་ལི་ཕིང་གིས་ཐའེ་ཝན་གྱི་སྲིད་འཛིན་གསར་པ་ལ་འཚམས་འདྲི་ཞུས་པ་མ་ཟད། རྒྱ་གར་ནས་གོ་མཚོན་ཉོས་པ་དང་དམག་དོན་དང་ཚོང་ལས་སྔར་ལས་ཇེ་ཆེར་གཏོང་བཞིན་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།